ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་སྨིན་གྲོལ་གླིང་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་རྗེས་དྲན་དང་འབྲེལ་འཛམ་གླིང་ཞི་བདེ་ཡོང་བ་དང་བོད་མིའི་བདེ་དོན་ཆེད་ཚོགས་མཆོད་གནང་ཡོད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་རྣམས་མཛད་སྒོར་ལྷན་འཛོམས་ཐོག་རྙིང་མའི་དབུ་བླ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འབྱེད་གནང་གྲུབ་བསྟུན་རྟེན་འབྲེལ་མཚོན་ཆེད་གར་འཆམ་དང་། ཆོས་རྒྱལ་གཏེར་བདག་གླིང་པའི་རྗེས་འཛིན་གསོལ་འདེབས་གསུང་འདོན་གནང་། སུ་ཇ་བོད་ཁྱིམ་གྱི་སློབ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས།
དེ་ནས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། ཕྱི་ལོ་ ༡༩༦༥ ལོར་སྔ་འགྱུར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆེས་མཐོའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་པར་གནང་ནས་ད་ལམ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གནང་གི་ཡོད་པར་དེ་གའི་མཁན་སློབ་དགེ་འདུན་རྣམས་དང་། ཕྱི་ནང་གི་སྦྱིན་བདག་དང་སྐུ་མགྲོན་བཅས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་འཕྲིན་སྩལ་ཡོད།
དེ་རྗེས་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་འཕགས་ཡུལ་འོག་མིན་སྨིན་གྲོལ་གླིང་དགོན་པ་ཕྱག་བཏབ་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་ངོ་སྤྲོད་གནང་། དེ་ནས་ཨུ་ཏྟར་ཁཎྜ་མངའ་སྡེའི་བློན་ཆེན་སྐུ་ཞབས་ (shri Dinesh Agarwal) མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གིས་གསུང་བཤད་དང་། མཆོག་གླིང་གདུང་སྲས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་གིས་སྨིན་གྲོལ་གླིང་དགོན་པའི་སྔོན་བྱུང་ལོ་རྒྱུས་དང་། བཙན་བྱོལ་དུ་འབྱོར་རྗེས་དགོན་པ་གསར་དུ་ཕྱག་བཏབ་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་མ་ཟད། སྨིན་གླིང་ཁྲི་ཆེན་དབུས་པའི་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། མཁོ་ཁྱིམ་རིན་པོ་མཆོག་བཅས་ཀྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཨིན་སྐད་ཐོག་གསུང་བཤད་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དགོས་པ་དང་། མ་འོངས་པར་ནང་ཆོས་འདི་བཞིན་སྤུས་དག་ཏུ་གཏོང་དགོས་པ་དང་རྒྱ་ཆེ་རུ་གཏོང་རྒྱུ་སོགས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ནས་འབད་བརྩོན་གནང་དགོས་སྐོར་དང་། ལྷག་པར་ནང་ཆོས་ངོ་སྤྲོད་བརྒྱུད་དར་སྤེལ་དགོས་པ་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་མཐུན་སྒྲིལ་ཡག་པོ་དགོས་སྐོར་དང་། དགོན་པའི་ལས་ཀྱི་སྣེ་མོ་བ་རྣམས་ལུགས་མཐུན་གྱི་སྒོ་ནས་ཕྱག་ལས་གནང་བཞིན་ཡོད་སྟབས་སྤྱི་ཚོགས་ནང་གླེང་སློང་མེད་པར་ཧ་ཅང་ཡག་པོ་ཡོད་པ་དེར་བསྔགས་བརྗོད་ཡོད་ལུགས་སོགས་ཀྱི་གསུང་བཤད་གནང་། དེ་ནས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཡོད་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལ་བརྩི་སྲུང་དགོས་སྐོར་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་འདུག་པ་བཅས།།