༄༅། །ཕྱི་ལོ་ ༢༠༡༤ཟླ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་བགྲོ་གླེང་གནང་འདུག
དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འགྲེལ་བརྗོད་གནང་བ་ལྟར་ན། བགྲོ་གླེང་སྐབས་དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱ་ནག་དང་འབྲེལ་ལམ་བྱེད་ཕྱོགས་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག དབྱིན་གཞུང་ངོས་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་འཛིན་པའི་སྲིད་བྱུས་དེ་ཐབས་སྐྱོ་བོ་ཞིག་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག
སྐབས་དེར་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཕ་བྷི་ཡན་ཧེ་མིལ་ཊན་ Fabian Hamilton MP ལགས་ཀྱིས་བགྲོ་གླེང་ཐོག་བོད་ནང་སྨྲ་བརྗོད་རང་དབང་མེད་པའི་གནད་དོན་དང་འབྲེལ་གསུང་དོན། ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། གླུ་བ་ལོ་ལོ་ལགས་། སྐལ་བཟང་ཡར་འཕེལ་ལགས། པདྨ་རིག་འཛིན་ལགས་བཅས་ཀྱི་གནས་སྟངས་སྐོར་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པ་སྟོན་ཐབས་སུ་ཁྱོག་བཤད་འདྲ་མིན་དང་། བོད་ནང་སྨྲ་བརྗོད་རང་དབང་སོགས་འགོག་ཐབས་ཀྱི་འཆར་གཞི་ལྡན་པའི་སྲིད་བྱུས་སྣ་ཚོགས་ཞིག་ལག་བསྟར་བྱེད་བཞིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན། དབྱིན་གཞུང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་དང་མི་དམངས་ཀྱི་རང་དབང་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་གཏོང་བཞིན་པ་དེར་གདོང་ལེན་བྱེད་དགོས་པའི་སྐུལ་མ་གནང་བ་དང་སྦྲགས། དབྱིན་གཞུང་ངོས་ནས་བོད་དོན་ཐོག་ལངས་ཕྱོགས་དེ་བས་ཤུགས་ཆེ་རུ་བཏང་སྟེ། ནུས་པ་གང་ཡོད་བཏོན་ནས་རྒྱ་ནག་གཞུང་ལ་ད་ལྟའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འདི་ལ་འགྱུར་བ་གཏོང་དགོས་པ་ཞིག་བཟོ་དགོས་རེད་ཅེས་གསུངས་འདུག
སྐབས་དེར་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་གིས་ཀྱང་སྐུ་ཞབས་ཕ་བྷི་ཡན་ཧེ་མིལ་ཊན་ལགས་ཀྱི་གསུང་བཤད་ལ་རྒྱབ་སྐྱོར་གྱིས་འགྲེལ་བརྗོད་གནང་བ་དང་བོད་ནང་གི་གནས་སྟངས་ཐོག་བློ་འཚབ་ཡོད་སྐོར་སོགས་གསུངས་འདུག
སྐབས་དེར་དབྱིན་གཞུང་གི་ཕྱི་སྲིད་བློན་ཆེན་ Hugo Swire་མཆོག་གིས་གཞུང་ཕྱོགས་ཀྱི་ལན་འདེབས་གནང་སྐབས་བོད་ཀྱི་གནད་དོན་འདིར་དོ་སྣང་དང། བགྲོ་གླེང་གང་མང་བྱེད་འོས་པ་ཞིག་ཡིན་པའི་དགོངས་ཚུལ་
སྟོན་འདུག་
དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གཟུགས་གཞིའི་གནས་བབ་ཐོག་ནས་བཙོན་བཀྲོལ་གཏོང་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་སྐོར་གསུངས་ཡོད་པ་མ་ཟད། དབྱིན་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ལངས་ཕྱོགས་ནན་བཤད་དང་སྦྲགས། དབྱིན་གཞུང་ཕྱོགས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་མཇལ་འཕྲད་དང་ཚོགས་འདུ་ནམ་ཚོགས་སྐབས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་གླེང་སློང་གནང་མུས་ཡིན་སྐོར་སོགས་གསུངས་འདུག