༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༤ སྔ་དྲོ་རྡ་ས་གངས་སྐྱིད་ལས་བྱེད་ཀྱི་གསོལ་ཐབ་ཡང་སྟེང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག་འཛིན་རིམ་བཅུ་གཅིག་གི་སློབ་གཉེར་བ་ཁག་གཅིག་ལ་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནང་སྟངས་ངོ་སྤྲོད་ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་གནང་འགོ་ཚུགས་པའི་ཐོག་མར་ཟབ་སྦྱོང་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ནས་ཟབ་སྦྱོང་གི་ལས་འཆར་ཁག་ངོ་སྤྲོད་གནང་། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་བའི་སྙིང་དོན། ཐོག་མར་ཟབ་སྦྱོང་གོ་སྒྲིག་གནང་མཁན་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་རྒན་སློབ་ཕྲུག་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་གྱི་ངོས་ནས་འཚམས་འདྲི་ཡོད། ཟབ་སྦྱོང་ཚུགས་སྟངས་ལ་བལྟས་ན་དེ་སྔ་ལས་ཚགས་ཚུད་པ་དང་འགྱུར་བ་ཞེ་དྲག་ཕྱིན་པའི་རྣམ་པ་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མི་མང་གིས་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་མཆོག་ཀྱང་ཁྱེད་རྣམ་པར་ཟབ་སྦྱོང་གནང་བར་ཕེབས་ཀྱི་ཡོད།
དེར་བརྟེན་ཟབ་སྦྱོང་སྐབས་སུ་ཡིན་ནའང་འདྲ་རྒྱུན་གཏན་སློབ་ཚན་ཚུགས་སྐབས་ཡིན་ནའང་འདྲ་གང་ལྟར་སྣང་བ་མ་གཡེང་བའི་ཐོག་ནས་ནུས་པ་ཐོན་ཐུབ་པ་ཞིག་དང་། ལྷག་པར་འཛིན་རིམ་བཅུ་གཅིག་དེ་སོ་སོའི་མི་ཚེའི་ནང་གཞན་དང་མི་འདྲ་བའི་བར་ཐག་ཅིག་ཆགས་ཡོད། དུས་ཚོད་འགྲོ་གི་ཡོད། འབྱུང་འགྱུར་སློབ་ཕྲུག་ཁྱེད་རང་ཚོའི་དུས་ཚོད་དེ་ཛ་དྲག་ཅིག་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ཁྱོན་ཡོངས་ལ་ཞི་བའི་ལས་འགུལ་བྱུང་རྗེས་རྒྱ་མིའི་བྱེད་སྟངས་དང་བོད་ཀྱི་གནས་སྟངས་སོགས་གནད་འགག་ཆེན་པོའིི་ནང་ང་ཚོས་འགན་འཁྱེར་ཐུབ་པ་དང་། ང་ཚོའི་རྒྱལ་ཁབ་གཞན་གྱི་ལག་ཏུ་ཤོར་ཡོད་སྟབས་མི་རིགས་གཞན་དང་མི་འདྲ་བར་རང་གི་སྤྱོད་པ་དང་། ཡོན་ཏན། ནུས་པ་བཅས་འདོན་ཐུབ་པ་བྱེད་དགོས་ཀྱི་འདུག ༸སྐྱབས་མགོན་རིན་པོ་ཆེས་སྐུ་ངལ་བསྐྱོན་པ་དེ་དག་ང་ཚོས་འཕྲོ་བརླག་མ་སོང་བར་སོ་སོའི་མི་རིགས་དང་རྒྱལ་ཁབ་ཆེད་དུ་གང་བྱེད་ཐུབ་ཀྱི་འདུག ང་རང་ཚོའི་འགན་དེ་ང་ཚོས་འཁྱེར་ཐུབ་པ་བྱེད་དགོས། མཐའ་དོན་ངའི་རེ་བར་ཟབ་སྦྱོང་བདེ་བླག་ངང་ཡོང་བའི་སྨོན་ལམ་ཡོད་ཅེས་གསུང་བཤད་གྲུབ་མཚམས་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་། དེ་རྗེས་སློབ་ཕྲུག་ཚོས་ཕན་ཚུན་ངོ་སྤྲོད་དང་། ཉིན་རྒྱབ་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོ་སྤྲོད་བཅས་ཉིན་དང་པོའི་ལས་རིམ་དང་། དེ་བཞིན་ཉིན་བདུན་རིང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་མཛད་གཙོ་མི་གྲངས་ཉི་ཤུ་ལྷག་ནས་ཟབ་སྦྱོང་གནང་རྒྱུ་ཡིན་པ་དང་། གཞི་རིམ་སློབ་གྲྭ་ཁག་ཉི་ཤུ་ནས་དགེ་རྒན་ཁག་གཅིག་དང་སློབ་ཕྲུག་འཛིན་རིམ་བཅུ་གཅིག་པ་ཁྱོན་མི་གྲངས་ ༡༠༦ མཉམ་ཞུགས་གནང་ཡོད། ཐེངས་འདི་ནི་ཟབ་སྦྱོང་གནང་ཐེངས་དྲུག་པ་དེ་ཡིན་འདུག་པ་བཅས།།