༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་སྲིད་ཐར་ད་བུ་ལྡ་ཝི་ཧར་ཚོམས་ཆེན་ལ་མི་གྲངས་ ༦༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། རྒྱ་རིགས་ནང་ཆོས་ཁས་ལེན་མཁན་ཞིག་ཡིན་ཡང་རྒྱ་མིའི་དཔོན་རིགས་རྣམས་ནང་ཆོས་ཐོག་ཡིད་ཆེས་ཡོད་པ་མ་རེད། དེང་སང་ལུང་པ་མང་པོའི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་དམིགས་བསལ་ནུབ་ཕྱོགས་པ་ཚོས་ཀྱང་ནང་ཆོས་ཉམས་ལེན་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཡང་བོད་པའི་སྲོལ་རྒྱུན་གྱི་ནང་ཆོས་དེ་གཞི་བཞག་ཐོག་ནང་ཆོས་ཉམས་ལེན་བྱ་རྒྱུར་ནུབ་ཕྱོགས་པ་ཚོས་ཀྱང་དེང་དུས་དོ་སྣང་ཆེན་པོ་བྱེད་ཀྱི་སྐོར་དང་ཡང་༸གོང་ས་མཆོག་གིས་དེང་དུས་ཁོར་ཡུག་ཆ་མ་སྙོམས་པའི་ཐོག་བཀའ་སློབ་སྩལ་དོན། གོ་ལའི་ཚ་དྲོད་མ་ཤེས་པའི་དབང་གི་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེ་ཡོང་གི་ཡོད། ནང་ཆོས་དང་ཚན་རིག་དབར་འབྲེལ་བ་ཆེན་པོ་ཡོད་པ་རེད། ནང་ཆོས་དང་ཚན་རིག་གཉིས་ནི་ཐ་དད་མིན། དེང་དུས་ཚན་རིག་ནི་ནང་ཆོས་ཀྱི་ཆ་ཤས་ཡིན་པ་དང་། ནང་ཆོས་ལ་ཆ་གསུམ་དུ་འབྱེད་ཀྱི་ཡོད། དེ་དག་ནི་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་ཡིན། ནང་ཆོས་ནི་ཆོས་ལུགས་ཚང་མའི་ནང་ནས་རྩེ་ཕུད་དེ་ཡིན་ཞེས་བརྗོད་ཀྱི་མེད། ཆོས་ལུགས་སོ་སོའི་ལྟ་གྲུབ་དང་སྲོལ་རྒྱུན་ཐ་དད་རེད། དེར་བརྟེན་ཆོས་ལུགས་བརྗེ་བསྒྱུར་བྱ་རྒྱུ་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ཡིན་དུས་ངོས་ནས་དུས་རྟག་ཏུ་སོ་སོའི་ཆོས་ལུགས་རང་ལ་གནས་ཐུབ་ན་ཡག་པོ་ཡོད་རེད་བརྗོད་ཀྱི་ཡོད། ཡིན་ཡང་སངས་རྒྱས་ཀྱི་ཆོས་དེ་སབྱང་རྒྱུའི་ཆེད་ནང་ཆོས་ཀྱི་རྩ་བའི་ལྟ་གྲུབ་དེ་ཡིན་གཅིག་ཤེས་པར་བྱེད་དགོས། ནང་ཆོས་ཀྱི་ལྟ་གྲུབ་ནི་འཇིག་རྟེན་གྱི་ཡ་རབས་སྤྱོད་ཚུལ་གཞི་ལ་བཞག་ཡོད་པ་རེད་ཅེས་བཀའ་སློབ་སྩལ།
ཐེངས་འདིའི་སྲིད་ཐར་ད་བུ་ལྡ་ཝི་ཧར་དབུ་བཙུགས་ནས་ལོ་གཅིག་འཁོར་བའི་དུས་ཆེན་གྱི་མཛད་སྒོ་དང་དེ་བཞིན་སྐབས་དེར་༸གོང་ས་མཆོག་གིས་ངལ་རྩོལ་བློན་ཆེན་སྐུ་ཞབས་ཨེམ་མ་ལིཀ་ཨར་ཇུན་ M.Mallikarjun Kharge མཆོག་ལ་ས་གནས་དེར་ནང་ཆོས་སློབ་སབྱོང་བྱེད་སའི་སྡེ་ཚན་ཞིག་གསར་འཛུགས་གནང་རྒྱུའི་འབོད་སྐུལ་ཡང་མཛད་ཡོད། མངའ་སྡེ་དེའི་ནང་ཉིན་གཉིས་ཀྱི་མཛད་འཕྲིན་ཁག་གྲུབ་རྗེས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་ཞལ་བསྒྱུར་། ཕྱི་ཚེས་ ༢༡ ཕྱི་དྲོ་ཚོུད་ ༤ བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།