༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བཀའ་ཤག་གི་བཀོད་ཁྱབ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དབུ་བཞུགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྲུབ་མཚམས་དྲུང་ཆེ་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་ཁུར་འགོ་འཛུགས་གནང་སོང་། དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་དྲུང་ཆེའི་ལས་ཁུངས་ནང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲུང་ཆེ་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། དྲུང་ཆེ་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ལྷན་འཛོམས་ཀྱིས་དྲུང་ཆེ་གསར་རྙིང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་བསྟུན་དྲུང་ཆེ་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དྲུང་ཆེ་གསར་པ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ལ་ཞབས་སྟེགས་རྩིས་སྤྲོད་གནང་སྟེ། དྲུང་ཆེ་གསར་རྙིང་དབར་ཕན་ཚུན་མཇལ་དར་གཡོགས་རེས་གནང་།
དེ་ནས་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་འཕྲོད་བསྟེན་ལས་ཁུངས་ནང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དབུ་བཞུགས་ཐོག་སྤྲོད་དཔང་དང་། དྲུང་ཆེ་གསར་རྙིང་། འབྲེལ་ཡོད་ལས་བྱེད་རྣམ་པ་ལྷན་འཛོམས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་ཕུལ། དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་དང་། སྤྲོད་དཔང་། དྲུང་ཆེ་ཟུར་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད་ཡོངས་ནས་དྲུང་ཆེ་གསར་པར་རྟེན་འབྲེལ་གྱི་མཇལ་དར་གཡོགས། དེ་རྗེས་སྤྲོད་དཔང་ཕྱི་འབྲེལ་དྲུང་ཆེས་རྩིས་སྤྲོད་རྩིས་ལེན་དང་། དྲུང་ཆེ་ཟུར་པ་དང་། དེ་བཞིན་དྲུང་ཆེ་གསར་པ། བཀའ་བློན་མཆོག་བཅས་ཀྱིས་རིམ་བཞིན་གསུང་བཤད་སྙིང་བསྡུས་ཤིག་གནང་སྟེ་མཛད་སྒོ་གྲོལ།
ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ནི། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ནས་དྲུང་ལས་གནས་རིམ་ཐོག་གསར་བསྐོ་གནང་སྟེ། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༠ ནས་ཚོད་བལྟའི་ཐོག་འཕྲོད་བསྟེན་ལས་ཁུངས་སུ་དྲུང་ལས་གནས་རིམ་ཐོག་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༢༩ ནས་འཕྲོད་བསྟེན་དྲུང་ལས་ངོ་མ་དང་ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༩ ནས་འཕྲོད་བསྟེན་དྲུང་གཞོན། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་ཌལ་ཧོར་ དུ་གནས་སྤོས་གནང་སྟེ་བཟོ་འགོ་དང་ས་གནས་འགོ་འཛིན་གནང་ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༡༠ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༦ ནས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༥ བར་ལོ་གཉིས་རིང་མངོན་དགའ་སློབ་གྲྭའི་འགན་འཛིན་དུ་ཞབས་གཡར་དང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༦ ནས་ལོ་གཉིས་རིང་ཞབས་གཡར་འཕར་འགྱངས་གནང་སྟེ་ལས་འཁུར་མུ་མཐུད་ཞུས།
ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༠ ནས་ཞབས་ལོའི་ཆ་ནས་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་གནས་སྤར་དང་འབྲེལ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༥ ནས་བཀའ་ཤག་ངེས་མེད་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༧ ནས་འཕྲོད་བསྟེན་ལས་ཁུངས་དྲུང་ཆེ་ལས་ཚབ་ཏུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གི་ལས་འགན་བཞེས་མུས་ཡིན་པ་བཅས། །