༢༠༡༤ ཟླ་ ༨ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཤུགས་ཆེ་གཏོང་མཁན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་ཨ་རིའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་བཀག་འགོག་བྱེད་དགོས་པའི་རེ་འདུན་བཏོན་འདུག
ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ཨ་རིའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་བཀག་འགོག་བྱེད་དགོས་སྐོར་གྱི་སྙན་ཞུ་ཞིག་ཕུལ་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་འཁོད་དོན། ཨ་རིའི་གཞུང་ཕྱོགས་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ཨ་རིའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་བཀག་འགོག་བྱེད་དགོས་པ་མ་ཟད། ཨ་རིས་གཞུང་འབྲེལ་ཐོག་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་དགོས། ལྷག་པར་ཨ་རིའི་གཞུང་ཕྱོགས་ནས་དུས་སྐབས་ཀྱི་གནས་སྟངས་ལ་གཞིགས་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྣམས་ཨ་རིར་འགྲོ་འོང་ཆོག་པའི་མཐོང་མཆན་སྔ་རྗེས་རིམ་པར་བཀག་འགོག་བྱས་ཡོད་པ་ལྟར། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཤུགས་ཆེ་གཏོང་མཁན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ལག་བསྟར་བྱེད་མི་འོས་པའི་རྒྱུ་མཚན་གང་ཡང་མེད། སྤྱིར་བཏང་ཨ་རིའི་གཞུང་ནས་འགྲོ་བསྐྱོད་ཀྱི་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཆེ་བའི་ཤ་ཤས་ཤིག་ཡིན་པར་བརྩི་བཀུར་ཞུ་བཞིན་ཡོད་རུང་། གཞུང་ཞིག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ཚོའི་མཐོང་མཆན་ལ་དམ་བསྒྲགས་དང་བཀག་འགོག་བྱེད་རྒྱུ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་མི་འགྲོ་བའི་ལག་ཆ་ལྟ་བུ་ཆགས་ཀྱི་ཡོད། དཔེར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་ཝེ་ལི་ཛུ་ནའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་གཞུང་འབྲེལ་དཔོན་རིགས་ཁག་གཅིག་ཨ་རིའི་ནང་འགྲོ་འོང་ཆོག་པའི་མཐོང་མཆན་བཀག་འགོག་བྱས་ཡོད་པ་རེད། ཅེས་སོགས་འཁོད་འདུག