༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་ བཞུགས་སྒར་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་ནང་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་ཁོངས་སུ་རྒྱ་ཡིག་ཚན་པ་ཞིག་གསར་འཛུགས་གནང་བའི་མཛད་སྒོ་ཚོགས་སོང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་། སྨན་རྩིས་ཁང་གི་ངེས་སྟོན་པ་ཚེ་རིང་བཀྲ་ཤིས་ལགས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། སྨན་རྩིས་མཐོ་སློབ་ཀྱི་ལས་བྱེད། ལས་མི། སློབ་ཕྲུག་བཅས་མཉམ་ཞུགས་ཀྱིས་གཡུ་ཐོག་སྔོན་ལ་གསོལ་འདེབས་གསུང་འདོན་དང་བསྟུན་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་ཁོངས་རྒྱ་ཡིག་ཚན་པ་གསར་འཛུགས་དགོས་དམིགས་ཀྱིས་གཙོས་མ་འོངས་པར་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་དང་། རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་ཆོས་བློ་ཐར་ལགས་ཀྱིས་རྒྱ་བོད་གཉིས་ཀྱི་ཐོག་ནས་རྒྱ་ཡིག་ཚན་པ་གསར་འཛུགས་དགོས་པའི་རྒྱུ་མཚན་དང་། དམིགས་ཡུལ་བཅས་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་གཅོ་བོས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༦༠ ནས་ ༡༩༧༠ མགོ་སྟོད་བར་བོད་མིའི་ངོས་ནས་རྒྱ་སྐད་རྒྱག་མཁན་རིགས་དང། རྒྱ་མིར་དེ་ཙམ་མཐོང་ཚུལ་ཡག་པོ་མེད།
དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གཅིག་ནི་ང་ཚོའི་ལངས་ཕྱོགས་བརྟན་པོ་མེད་པའི་རྐྱེན་གྱི་ཡིན། ཕྱི་ལོ་ ༡༩༧༣།༡༩༧༤ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ལམ་སྟོན་འོག་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམས་ཀྱིས་དགོངས་དཔྱད་བཀའ་བསྡུར་རིམ་པ་གནང་སྟེ། ང་ཚོའི་ལངས་ཕྱོགས་བོད་རྒྱ་གཉིས་ཀར་ཕན་པ་ཞིག་རྒྱ་གཞུང་ངོས་ནས་བོད་དེ་རྒྱ་ནག་ནས་ལོགས་སུ་ཁ་བྲལ་འདོད་མེད་པར་བོད་རྒྱ་ནག་གི་ཆ་ཤས་ཡིན་ཞེས་རྗོད་བཞིན་ཡོད་པ་དང་། ང་ཚོ་བོད་པའི་ངོས་ནས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་དང་བཅས་པར་རྩ་བརླགས་སུ་འགྲོ་བཞིན་ཡོད་པ་དེ་དག་སྲུང་སྐྱོབ་ཐུབ་ཐབས་སོགས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ཏེ། སྐབས་དེ་དུས་དབུ་མའི་ལམ་ཞེས་གསར་པ་དེ་འདྲ་འགྲེལ་བཤད་ཞུས་ཀྱི་མེད།
འོན་ཀྱང་དགོངས་པ་བཞེས་ཕྱོགས་རྒྱ་མི་དང་མཉམ་དུ་བཀའ་མོལ་གནང་རྒྱུས་མཚོན། རྒྱ་མི་དང་ལྷན་འབྲེལ་བ་བྱས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་དགོངས་པ་བཞེས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། ཕྱི་ལོ་ ༡༩༨༨ ལོར་སི་ཏྲས་སྦག་གི་གྲོས་འཆར་དང་། ཞི་བའི་དོན་ཚན་ལྔ་སོགས་རིམ་པས་རྒྱ་མི་དང་མཉམ་དུ་སྡོད་རྒྱུར་དངོས་གསལ་དོད་པོས་བཀའ་གནང་བར་བརྟེན། ང་རང་ཚོའི་སྤྱི་ཚོགས་ནང་དུའང་རྒྱ་མིར་མི་འདོད་པའི་རྣམ་འགྱུར་རམ་མཐོང་ཚུལ་དེ་འདྲ་གང་ཡང་བྱུང་མེད། བོད་མི་ས་ཡ་དྲུག་གི་ནང་ནས་བོད་མི་བརྒྱ་ཆ་མང་བ་བོད་ནང་ཡོད་པར་བརྟེན། གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བདེ་སྡུག་དཀའ་ངལ་ཐོག་ཕྱག་ལས་གནང་རྒྱུ་ནི་བཙན་བྱོལ་ནང་ཡོད་པའི་བོད་མི་དེ་དག་གིས་ཚབ་མཚོན་པར་བྱས་ནས་གནང་དགོས་ཀྱི་ཡོད་སྟབས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ཡོད།
བོད་རྒྱ་གཉིས་ཀར་ཕན་ཐོགས་པའི་གཉིས་ཕན་སྲིད་བྱུས་ཡིན་པར་བརྟེན། རྒྱ་མི་རིགས་ལ་འབྲེལ་བ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་རང་ཚོ་ཆོས་དང་རིག་གཞུང་གི་ཆ་ནས་ནང་པ་ཡིན་པ་ལྟར། རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པར་བརྟེན་ཆོས་དང་རིག་གཞུང་དེ་དག་ཕན་ཚུན་བརྗེ་ལེན་གནང་རྒྱུ་ཡོད། ད་རེས་བོད་ཀྱི་སྨན་རྩིས་ཁང་གི་རྒྱ་ཡིག་སྡེ་ཚན་གསར་འཛུགས་གནང་སྟེ། བོད་ཀྱི་གསོ་བ་རིག་པའི་ཐོག་ནས་རྒྱ་རིགས་ལ་ཐུགས་ཕན་གསོ་རྒྱུར་དམིགས་པ་ཞིག་ཡིན་པ་གསལ་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་རྒྱ་ཡིག་ཚན་པའི་ལས་བྱེད་རྣམས་ལ་རྟེན་འབྲེལ་མཚོན་ཕྱིར་མཇལ་དར་རེར་གཡོགས་གྲུབ་མཚམས་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་སྐུ་བཅར་བླ་སྨན་ཞབས་ཞུ་བ་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཁྱེན་པའི་རང་གཟུགས་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་བ་བཅས།།