༢༠༡༤ ཟླ་ ༦ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དབུས་བོད་མིའི་ངལ་སེལ་ཚོགས་པ་དང་ཨི་སི་རེལ་ (Israel) ནང་རྟེན་གཞི་བྱས་པའི་སོ་ནམ་ལས་གཞིའི་ཐོག་ཉམས་ཞིབ་གནང་མཁན་ Southern Arava R&D ཞེས་པའི་ཚོགས་པ་གཉིས་དབར་གཉིས་མོས་ཀྱི་གྲོས་མཐུན་ཡིག་ཆའི་ཐོག་མཚན་རྟགས་བཀོད་འདུག
དེ་ཡང་གོང་ཚེས་ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་གོང་གསལ་ཨི་སི་རེལ་ལིའི་ཚོགས་པའི་ས་ཞིང་འདེབས་ལས་དང་སོ་ནམ་ལས་གཞིའི་ཐོག་མཁས་དབང་སྐུ་ཞབས་མོ་ཏི་ཧཱ་རཱ་རི་ Mr. Moti Harari ལགས་བཅས་ཀྱིས་གཉིས་མོས་ཐོག་གྲོས་མཐུན་ཡིག་ཆར་མཚན་རྟགས་བཀོད་ཡོད། སྐབས་དེར་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་སོ་ནམ་སྡེ་ཚན་གྱི་ཟུང་དྲུང་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་ཀྱང་ཕེབས་ཡོད།
དེ་བཞིན་སྦེལ་ཀོབ་གཞིས་ཆགས་སུ་སོ་ནམ་ལས་གཞིའི་ཐོག་ཉམས་ཞིབ་བྱས་ཡོད། ལས་གཞི་འདི་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་བྱས་པ་དང་། སྐབས་དེར་ཨི་སི་རེལ་ནང་རྟེན་གཞི་བྱས་པའི་སོ་ནམ་ལས་གཞིའི་ཐོག་ཉམས་ཞིབ་གནང་མཁན་ Southern Arava R&D ཞེས་པའི་ཚོགས་པས་མཐུན་འགྱུར་ལམ་སྟོན་གནང་ཡོད། ལས་གཞི་འདིའི་ཐོག་ནས་བོད་མིའི་གཞིས་ཆགས་ཁག་གི་ནང་དེང་རབས་དང་མཐུན་པའི་ཐོག་ནས་ས་ཞིང་འདེབས་ལས་བྱེད་ཕྱོགས་དང་ཡུལ་ལུང་སོ་སོའི་ས་བཅུད་དང་གནམ་གཤིས་སོགས་ལ་གཞིགས་ཏེ་སྟོན་ཐོག་གང་ཞིག་བཟང་བ་ཡོད་མེད་སོགས་ཨི་སི་རེལ་ལིའི་ས་ཆའི་ཐོག་ཉམས་མྱོང་གང་བསགས་པ་རྣམས་ལ་གོ་བསྡུར་སྦྱང་བཤད་གནང་ཡོད།