༢༠༡༤ ཟླ ༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་མཁས་དབང་ས་རཱ་སེ་ཝལ་ (Dr. Sarah Sewall) མཆོག་ཨ་རིའི་མི་སེར་ཉེན་སྲུང་དང་།
མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ལས་ཐོག་བསྐོ་གཞག་གནང་ཡོད་པ་མ་ཟད། ཁོ་མོ་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཡང་བསྐོ་གཞག་གནང་འདུག
དེ་ཡང་ལྕམ་སི་ཝལ་མཆོག་ནི་སྲིད་འཛིན་ཀིལིན་ཌོན་སྐབས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ཞི་མཐུན་དང་། འགྲོ་བ་མིའི་བདེ་རྩར་རྒྱབ་སྐྱོར་གྱི་ལས་འགན་ཐོག་ཕྱག་ལས་གནང་བ་མ་ཟད། སྲིད་འཛིན་ཨོ་བྷ་མས་རྒྱལ་ཡོངས་ཉེན་སྲུང་དང་། ཕྱི་སྲིད་སྲིད་བྱུས་ནང་ཕྱག་ལས་གནང་ཡོད། ཁོ་མོ་ནི་དེ་སྔ་ཧ་ཝརཌི་མཐོ་སློབ་ཀྱི་ཇོན་ཨེཕ་ཀེན་ནེཌི་སློབ་གྲྭའི་ནང་ Public Policy སློབ་དཔོན་རྒན་པའི་ཕྱག་ལས་གནང་མྱོང་ཡོད། ཧ་ཝརཌི་མཐོ་སློབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཀྱི་འགན་འཛིན་ཟུར་པའང་ཡིན་འདུག
དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལྕམ་སི་ཝེལ་ལགས་ཨ་རིའི་སྲིད་གཞུང་གི་དྲུང་ལས་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་དགའ་བསུ་དང་། ཨ་རིའི་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་ John Kerry ནས་ཁོ་མོར་ལས་གནས་འདིའི་ཐོག་བསྐོ་གཞག་གནང་བ་དང་ ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་ལྷན་མཇལ་འཕྲད་དང་ཕྱག་ལས་གནང་རྒྱུ་རེ་བ་ཡོད། ཁོ་མོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་མཁྱེན་རྒྱ་དང་དོ་སྣང་ཆེན་པོ་ཡོད་པར་བརྟེན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནུས་པ་ལྡན་པ་ཞིག་ཡོང་ངེས་ཡིན། ཞེས་སོགས་གསུངས།
ལྕམ་སེ་ཝལ་ནི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྔ་པ་དེ་ཆགས་ཀྱི་ཡོད་འདུག
བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འགན་ཁོངས་སུ་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་འཆར་ཟིན་ནང་ལྟར་ལྕམ་སེ་ཝལ་གྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་༸གོང་ས་མཆོག་གི་སྐུ་ཚབ་དབར་གྲོས་མོལ་གནང་ཐབས་ལ་འབད་བརྩོན་དང་། དེ་བཞིན་ཨ་རི་གཞུང་གི་བོད་དོན་དང་འབྲེལ་བའི་སྲིད་བྱུས་ཁག་དང་། ལས་འཆར་ཁག་ལ་མཐུན་སྦྱོར་གནང་རྒྱུ་བཅས་ཡིན་འདུག