༢༠༡༣ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུ་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་ཁུལ་དུ་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་ས་གནས་ཉེན་རྟོག་འགོ་དཔོན་སྐུ་ཞབས་ཀུ་ནཱལ་ཨ་གྷར་ཝལ་ Superintendent of Police Mr. Kunal Aggarwal མཆོག་དང་སྐུ་མགྲོན་གཞན་དུ་རྫོང་དཔོན་ལས་རོགས་ Additional District Magistrate སྐུ་ཞབས་གོ་པཱལ་བླ་མ་ Mr Gopal Lama མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་ཡོངས་དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་ཉེ་ལམ་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང་། དེ་རྗེས་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དང་འབྲེལ་བའི་བརྙན་འཕྲིན་སྐར་མ་ ༣༠ ཅན་མང་ཚོགས་ལ་བསྟན་ཡོད།
དེ་རྗེས་ས་གནས་འགོ་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་གཞན་སྐུ་མགྲོན་རྣམས་ལ་མཛད་སྒོར་ཕེབས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཚོར་ཤེས་ཡོན་དང་འཕྲོད་བསྟེན།
རིག་གཞུང་སྲུང་སྐྱོབ་སོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་ཧ་ཅང་གནང་དང་གནང་བཞིན་པར་བཀའ་དྲིན་རྗེས་དྲན་ཞུས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞབས་ཞུ་བསྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད་སྐོར་གསུངས་པ་དང་ལྷན་རྡོར་གླིང་བོད་མི་རྣམས་ལའང་བསྔགས་བརྗོད་གནང་འདུག ཕྱོགས་མཚུངས་སྐུ་མགྲོན་གཞན་མཆོག་ནས་ཀྱང་གསུང་བཤད་གནང་། དེ་རྗེས་མང་ཚོགས་ལ་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་ཡོད་པ་བཅས།།