༢༠༡༣ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་པདྨ་ཚེ་རིང་ལགས་ཀྱིས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན་ཉི་ཧོང་གི་ཀི་ཡོ་ཊོ་Kyoto གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Kyoto Seika University ཀི་ཡོ་ཊོ་སེ་ཀ་གཙུག་ལག་སློབ་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། མཐོ་སློབ་ཀྱི་དགེ་སློབ་ཁྱོན་མི་གྲངས་ ༡༦༠༠ ཡས་མས་ཤིག་ལ་སྒྱུ་རྩལ་གྱི་ལམ་ནས་འཛམ་གླིང་ནང་རང་དབང་སྐྲུན་ཐབས་སྐོར་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༩ པའི་ཐོག་ཉི་ཧོང་གི་བྷི་ཨེསི་ཊེ་ལི་ཝི་ཤན་ BS Television ཞེས་པའི་བརྙན་འཕྲིན་བརྒྱུད་ལམ་གྱི་གསར་འགོད་པ་བགྲེས་པ་ལྕམ་སྐུ་མི་ཚུ་ཀོ་ཤི་མོ་མུ་ར་ Mrs. Mitsuko Shimomura ལགས་ཀྱི་བཅར་འདྲིར་བཀའ་ལན་སྩལ་ཡོད། ཁོང་ནི་ཕྱི་ལོ་༢༠༡༢ ལོར་༸གོང་ས་མཆོག་གིས་ཉི་ཧོང་དུ་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་སྐབས་ལས་རིམ་གཙོ་སྐྱོང་གནང་མྱོང་ཡང་ཡོད། ཐེངས་འདིར་ཁོང་གིས་༸གོང་ས་མཆོག་ལ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་ཚན་རིག་དབར་གྱི་ཤེས་བྱ་བརྗེ་རེའི་བགྲོ་གླེང་གི་བརྒྱུད་རིམ་དང་། བོད་ནང་རང་ལུས་མེར་སྲེག་སྐོར། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་སྐོར་གྱི་དཔེ་དེབ་དང་། དེ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་རྩིས་སྤྲོད་མཛད་སྐོར་སོགས་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་ཡོད།
ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་ཀི་ཡོ་ཊོ་སེ་ཀ་གཙུག་ལག་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ ༤༥ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་མུ་འབྲེལ་ Comic རི་མོའི་སྒྱུ་རྩལ་ལ་གྲགས་པ་ཆེ་བའི་གཙུག་ལག་སློབ་གཉེར་ཁང་འདིར་སྒྱུ་རྩལ་གྱི་ཐོག་ནས་འཛམ་གླིང་ནང་རང་དབང་སྐྲུན་ཐབས་སྐོར་༸གོང་ས་མཆོག་གིས་དེར་འདུས་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་དོན། གཞོན་སྐྱེས་རྣམས་ནི་དུས་རབས་ ༢༡ གི་ཞི་བདེ་སྐྲུན་མཁན་གཙོ་བོ་ཆགས་ཡོད་པར་བརྟེན། སློབ་ཕྲུག་སོགས་གཞོན་སྐྱེས་ཚོ དང་་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདས་པའི་དུས་རབས་ ༢༠ ནང་ཉི་ཧོང་རྩིས་པའི་རྒྱལ་ཁབ་གང་སར་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ཡོད། འདས་ཟིན་པའི་གནས་ཚུལ་དེ་འདྲ་མ་འོངས་པར་འགོག་ཐབས་སུ་ཡུལ་ལུང་དང་ཆོས་ལུགས། རིགས་རུས་དབྱེ་ཕྱེ་གང་ཡང་མེད་པའི་ཐོག་ནས་ཚང་མས་འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས། འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་དུང་ཕྱུར་ ༧༠ ཚང་མས་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་འགྲོ་བ་མིར་བདེ་བ་དང་རང་དབང་ཡོད་པ་ཙམ་གྱི་གཞན་ལ་དབང་ཡོད་དང་། མགོ་སྐོར་བསླུ་བྲིད་སོགས་བྱེད་མི་རུང་།
དུས་རབས་ ༢༡ འདི་བཞིན་ཞི་བདེའི་དུས་རབས་ཤིག་ཏུ་སྐྲུན་རྒྱུར་གཞོན་སྐྱེས་རྣམས་ལ་དམིགས་བསལ་ལས་འགན་ཆེན་པོ་ཡོད། སློབ་ཕྲུག་ཚོས་དགེ་རྒན་གྱི་སློབ་ཚན་འཁྲིད་པ་དང་ཀློག་དེབ་ནང་གི་སློབ་ཚན་ཁོ་ན་མིན་པར་སློབ་སྦྱོང་ཚུལ་བཞིན་ཡོང་རྒྱུར་དཔྱད་ཞིབ་དང་ཕན་ཚུན་བགྲོ་གླེང་གང་མང་བྱེད་དགོས། དེ་ལྟར་བྱེད་རྒྱུར་འགྲོ་བ་མིར་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་ནུས་པའང་ཡོད་ཅེས་སོགས་བཀའ་སློབ་སྩལ་གྲུབ་རྗེས་སློབ་ཕྲུག་ཁག་གཅིག་གིས་རང་རང་སོ་སོའི་དཀའ་ངལ་དང་འབྲེལ་མྱོང་ཚོར་ཐོག་མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་བཀའ་སློབ་དང་དགོངས་སྐོར་སོགས་ཞུས་སྐབས་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་བཀའ་ལན་དང་སེམས་གསོ་མཛད་པར་སློབ་ཕྲུག་ཁག་གཅིག་རང་དབང་མེད་པར་མིག་ནས་མཆི་མ་ལྷུང་བཞིན་སེམས་འགུལ་ཚད་མེད་ཐེབས་ཡོད། ཕྱི་ཚེས་ ༢༤ ཉིན་གཙུག་ལག་སློབ་ཁང་འདི་གར་ཆོས་དང་སྒྱུ་རྩལ་གྱི་ཐོག་ནས་འཛམ་གླིང་ནང་རང་དབང་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྐོར་ལྕམ་སྐུ་བྷ་ནྰ་ན་ཡོ་ཤི་མོ་ཊོ་ལགས་དང་ལྷན་དུ་བགྲོ་གླེང་མཛད་ཡོད།