༢༠༡༣ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་ངམ་གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་རེས་གཟའ་ཉི་མའི་མཚན་མོ་དང་ཟླ་བའི་ཉིན་མོ་བཅས་ལ་སྔ་ཕྱི་མི་གྲངས ༡༥ རྫོང་ཉེན་རྟོག་ལས་བྱེད་དང་དམག་མིས་འཛིན་བཟུང་བཀག་ཉར་བྱས་འདུག
དེ་ཡང་འཛིན་བཟུང་བཀག་ཉར་བྱས་པའི་མི་དེ་དག་ནང་བུད་མེད་ ༣ ཡོད་པ་དང་། དེ་དག་ནི་རང་ལོ་ ༤༩ ཡིན་པའི་གསར་སྐྱིད་ལགས་དང་། རང་ལོ ༤༧ ཡིན་པའི་མཚོ་ཕན་ལགས། རང་ལོ ༢༥ ཡིན་པའི་གཡང་སྐྱིད་ལགས་བཅས་ཡིན་འདུག དེ་བཞིན་འཛིན་བཟུང་བྱས་པའི་སྐྱེས་པ་ ༡༢ ཡོད་པ་ལས་རང་ལོ་ ༢༢ ཡིན་པའི་ཚེ་རིང་ལགས་དང་། རང་ལོ་ ༢༡ ཡིན་པའི་ཚེ་རིང་ཕུན་ཚོགས་ལགས། རང་ལོ་ ༢༡ ཡིན་པའི་བཀྲ་རྡོར་ལགས། རང་ལོ་ ༡༧ ཡིན་པའི་ཀུན་གྲགས་ལགས། རང་ལོ ༤༡ ཡིན་པའི་དགའ་སྦུག་ལགས། རང་ལོ་ ༢༢ ཡིན་པའི་བསྟན་པ་ལགས། རང་ལོ ༢༧ ཡིན་པའི་ཐུབ་ཆེན་ལགས། རང་ལོ་ ༢༥ ཡིན་པའི་བསོད་བཀྲ་ལགས། རང་ལོ་ ༢༡ ཡིན་པའི་ཚེ་རིང་བྱང་ཆུབ་ལགས། རང་ལོ་ ༢༣ ཡིན་པའི་འཇིགས་མེད་ཕུན་ཚོགས་ལགས། རང་ལོ་ ༢༤ ཡིན་པའི་ལམ་བཟང་ལགས། རང་ལོ་ ༡༩ ཡིན་པའི་ཚེ་དབང་ལྷ་སྐྱབས་ལགས་བཅས་ཡིན་པ་རེད།
དེ་དག་ལས་གསར་སྐྱིད་ལགས་ནི་བུ་ཕྲུག་གཉིས་ཀྱི་ཨ་མ་རེད་ལ། ཁོང་གི་བུ་ལམ་བཟང་དང་ཚེ་རིང་ལྷ་སྐྱབས་བཅས་ནི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་ལ། ཁྱིམ་ཚང་འདིའི་ནང་མི་གསུམ་ཀ་འཛིན་བཟུང་བྱས་ཡོད་པ་རེད། གོང་སྨོས་འདི་དག་འཛིན་བཟུང་བཀག་ཉར་བྱ་དགོས་པའི་རྒྱུ་མཚན་ནི། ཟླ་བ ༡༠ པའི་ཚེས ༡༡ དང ༡༢ གཉིས་ཉིན་མོ་བོད་ཁམས་ནགས་ཤོད་འབྲི་རུ་བོམ་ཕན་སྟེང་མཁར་གྲོང་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ ( ཞོགས་དྲིལ། ) དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་སྟེང་མཁར་གྲོང་ནས་དངོས་སུ་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་ནས་ཉིན་ཉེར་དྲུག་ཙམ་སོང་ཡོད་རུང་ནང་མི་ཉེ་འབྲེལ་སུས་ཀྱང་ཐུག་རིག་མེད་པ་རེད་ལ། ས་ཕྱོགས་གང་དུ་བཙན་འཁྲིད་བྱས་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་མེད།
དོན་རྐྱེན་འདི་བརྒྱུད་ནས་གྲོང་པའི་མི་མང་པོ་སྔ་ཕྱི་ཤང་སྲིད་གཞུང་དང་རྫོང་སྲིད་གཞུང་བཅས་ལ་བཅར་ནས་སྐད་ཆ་དྲིས་པ་དང་ཁོང་གཉིས་ལ་ཉེས་པ་ཅི་གང་མེད་པས་གློད་བཀྲོལ་གཏོང་དགོས་པའི་རེ་བ་ཞུས་ཡོད་ཀྱང་དོན་འབྲས་ཅི་གང་མེད་པ་རེད། དེ་ནས་ས་གནས་སྲིད་གཞུང་ནས་མི་ཚོགས་མང་པོ་མཉམ་ཅིག་ཏུ་ཞུ་གཏུག་འགྲོ་རྒྱུ་བཀག་ནས་མི་གྲངས་ལྔ་ཡན་འདུས་ནས་ཡར་ཞུ་བྱས་ན་ཆབ་སྲིད་གནས་ཚུལ་ཁོ་ན་ཡིན་པ་ཁག་དཀྲི་བྱེད་ལ། ཁྱོད་ཚོས་གནད་དོན་དེ་ཅིས་ཀྱང་ལབ་དགོས་ན་ཡི་གེ་བྲིས་ནས་འཁྱེར་ཤོག ཅེས་ལབ་ཡོད་པ་རེད། དེ་ནས་གོང་སྨོས་མི་འདི་དག་གིས་བསམ་འཆར་ཡི་གེ་བྲིས་ནས་རྫོང་དང་ཤང་སྲིད་གཞུང་ལ་ཡར་ཞུ་བྱས་པ་རེད། ཡིན་ནའང་ཡིག་ལན་གཅིག་ཀྱང་སྤྲད་མེད།
དེ་ལྟར་གྲོང་མི་འདི་ཚོས་ཉིན་མང་པོའི་རིང་ས་གནས་སྲིད་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཡར་ཞུ་ལན་མང་བྱས་པས། གཟའ་འཁོར་སྔོན་མའི་རེས་གཟའ་ཉིན་མའི་ཉིན་རྫོང་དང་ཤང་བཅས་ནས་ལས་བྱེད་མི་སྣ་མང་པོ་གཤམ་ཆུ་ཤང་ངམ་སྟེང་མཁར་གྲོང་དུ་ལས་དོན་བབས་ནས་མང་ཚོགས་ཡོངས་བསྐོངས་ནས་རྒྱལ་གཅེས་བསམ་བློའི་སློབ་གསོ་འཚོགས། དེ་ནས་མང་ཚོགས་ཁ་ཤས་ཀྱིས་བསམ་འཆར་ཞུས་ཡོད་ཀྱང་ཉན་འཇོག་བྱས་མེད། དེའི་དགོང་མོ་སྟེང་མཁར་གྲོང་གི་བུད་མེད་མཚོ་ཕན་ལགས་དང་། གསར་སྐྱིད་ལགས། གཡང་སྐྱིད་ལགས་བཅས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལས་བྱེད་ཞི་བདེ་སོགས་ཀྱི་སྡོད་གནས་ལ་སོང་ནས་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་འགལ་མེད་ལུགས་ཚོར་ཤུགས་དྲག་པོས་བརྗོད་པ་དང་། གལ་ཏེ་འགལ་ཡོད་ན་རྩ་ཁྲིམས་དོན་ཚན་གང་དང་གང་འགལ་ཡོད་པ་རེད། ག་དུས་ཡིན་ན་ཁྲིམས་ཡིག་འདི་དང་འགལ་འདུག་ཟེར་རྒྱུ་མེད་པར་མི་གང་བྱུང་འཛིན་བཟུང་བྱེད་པ་དེ་གཏན་ནས་འགྲིག་གི་མེད་ལུགས་ཁ་རྩོད་བརྒྱབ་པས་ཉེན་རྟོག་པ་སྐད་བཏང་ནས་འཇུ་བཟུང་བྱས་འདུག དེའི་སྐབས་སུ་གྲོང་པའི་ཕོ་གསར་བཅུ་གྲངས་ཤིག་གྲོང་ཚོ་བཅའ་སྡོད་ལས་ཁུངས་ཕྱི་ལོགས་ནས་འཚོགས་ཡོད་སྟབས། གློ་བུར་དུ་དམག་མི་སླེབས་ནས་ཁོང་ཚོ་ཚང་མ་བྱུང་རྒྱལ་དུ་འཛིན་བཟུང་བྱས་ནས་ད་ལྟའང་བཀག་ཉར་བྱས་ཡོད་འདུག དེ་ནི་མཚན་མོའི་ཆུ་ཚོད ༡༡ ཙམ་ཡིན་པ་རེད།
གཟའ་ཟླ་བའི་ཉི་མོ་སྟེ་ཕྱི་ཚེས་ ༣ ཉིན་འབྲི་རུ་རྫོང་ནས་དམག་མི་བརྒྱ་ཕྲག་ལྷག་གྲོང་ཚོར་འབྱོར་བ་དང་འགའ་ཤས་གྲོང་ཚོའི་འགྲམ་གྱི་རྒྱལ་མོ་རྔུལ་ཆུའི་བརྒྱུད་ལ་སྒར་བཏབ་ཡོད་འདུག ཉིན་དེ་ནས་བཟུང་གྲོང་ཚོའི་མི་སུ་གང་ས་རུབ་རྗེས་ཁྱིམ་ནས་སྒོ་ཕྱིར་ཐོན་ནས་གྲོང་པའི་ནང་གི་ལྷ་ཁང་དང་མ་ཎི་རྡོ་ཕུང་། དེ་བཞིན་གྲོང་ཚོའི་སྒོ་མདུན་གྱི་རྩྭ་རང་ཐང་བཅས་ལའང་འགྲོ་བཅུག་གི་མེད།
ཉེ་ཆར་འཛིན་བཟུང་བྱས་པའི་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་ད་ལྟ་ས་ཆ་གཞན་དུ་ཁྲིད་ནས་གར་སོང་ཆ་མེད་གྱུར་འདུག་ལ། ད་ཐེངས་འཇུ་བཟུང་བྱས་པའི་མི་མང་ཆེ་བ་འབྲི་རུ་རྫོང་བཙོན་ཁང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད། འགའ་ཤས་ས་གནས་གཞན་ལ་ཁྲིད་ཚར་ཡོད་པའི་སྐད་ཆ་ཡོད་འདུག མི་དེ་དག་རྫོང་གི་བཙོན་ཁང་ནས་སྤྱི་བདེ་ལས་ཁུངས་ལ་རེ་རེ་བཞིན་ཁྲིད་ནས་དྲག་པོའི་སྒོ་ནས་འདྲི་རྩད་རྡུང་རྡེག་ཚད་ལས་བརྒལ་བ་བྱས་ཡོད་འདུག དེ་མིན་ཡང་། ན་ནིང་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་དགུན་འགྲུབ་ལགས་ཀྱིས་རང་སྲེག་བཏང་རྗེས་འཇུ་བཟུང་བྱས་པའི་འབྲི་རུ་རྫོང་ཟླ་ཐང་ཤང་ཁོངས་ཀྱི་འཛོམ་ལྷ་དགའ་འཇུས་ཡོད་པ་དང་། དེ་ནས་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་ས་ཉེ་ཁུལ་ཆུ་ཤུལ་བཙོན་ཁང་ལ་བཙོན་འཇུག་བྱས་འདུག་ལ་འདི་ལོའི་ཟླ་བ་བཅུ་པའི་ནང་དུས་བཀག་བཙོན་འཇུག་ཟིན་ཡང་། ཉེ་ཆར་ཕ་ཡུལ་ཁམས་འབྲི་རུ་རྫོང་དུ་གནས་ཚུལ་གཅིག་མིན་གཉིས་མིན་ལྷག་རྐྱེན་སྲིད་གཞུང་ནས་གང་བྱུང་ངང་ལོ་གཅིག་ཕར་འགྱངས་བྱས་པའི་གནས་ཚུལ་བྱུང་འདུག གཞན་ཡང་ཁམས་འབྲི་རུ་རྫོང་ཆག་རྩེ་ཤང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ཉེ་ཆར་འཇུ་བཟུང་བྱས་ནས་ཉིན་ཉི་ཤུ་རྩ་གྲངས་སོང་ཟིན་པ་དང་། ཆག་རྩེ་ཤང་གོང་མ་མདོ་ནས་ཡིན་པའི་དར་རྒྱས་ལགས་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ནས་ཉིན་བཅུ་གྲངས་སོང་ཟིན་འདུག ད་ལྟ་ཁོང་ཚོའི་གནས་སྟངས་ཅི་འདྲ་ཡོད་མིན་ཤེས་རྟོགས་མེད་པ་གྱུར་ཡོད་འདུག དེ་གཉིས་ཀྱི་འཛིན་བཟུང་བྱེད་རྐྱེན་ནི་ཉེ་ཆར་འབྲི་རུར་ལྷག་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པ་བསྙད་དེ་འཛིན་བཟུང་བྱས་ཡོད་པ་རེད།
དུས་ཚོད་འདི་དག་གི་རིང་ལ་བོད་ཁམས་འབྲི་རུ་རྫོང་དུ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་བརྒྱུད་ལམ་ལྟ་རྟོག་དམ་པ་དང་མི་འགྲོ་འོང་སོགས་ཀྱང་དཀའ་ངལ་ཆེན་པོ་ཡོད་པས་ཞིབ་ཕྲའི་གནས་ཚུལ་དང་པར་རིས་འབྱོར་རྒྱུ་ཧ་ཅང་དཀའ་བ་བཅས།།