༢༠༡༣ ཟླ་ ༡༡ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཁེ་ཎ་ཌའི་གཞུང་ཚབ་བོད་དུ་གཟིགས་སྐོར་ཕེབས་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་བཏོན་ཡོད་སྐོར་ཡུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇོན་བྷེ་ཌི་ John Baird མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཕུར་བུའི་ཉིན་བརྗོད་པ་དང་སྦྲགས། ཁེ་ཎ་ཌ་ཡུལ་གྱིས་ལངས་ཕྱོགས་བརྟན་པོའི་ཐོག་ནས་བོད་མི་ཚོའི་ཆོས་དད་རང་དབང་ལ་དམ་དྲག་བྱ་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་འདོན་བཞིན་ཡོད། ཅེས་གསུངས་ཡོད། དེ་ཡང་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༢༡ གིས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་གཏོར་དང་། ཆབ་སྲིད་དམ་དྲག དཔལ་འབྱོར་ཟུར་ཕུད། ཁོར་ཡུག་རྩ་གཏོར་བཟོ་རྒྱུའི་སྲིད་བྱུས་སོགས་ལ་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་བྱས་དང་བྱེད་མུས་ཀྱི་གནས་སྟངས་ཛ་དྲག་འོག་ཁེ་ཎ་ཌའི་གཞུང་ཚབ་པ་སྐུ་ཞབས་གྷ་ཡེ་སན་ཇེཀ་སི་ Ambassador Guy Saint-Jacquesམཆོག་ཕྱི་ཟླ་ ༩ ཚེས་ ༢༤།༢༩ བར་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དངོས་ཡོད་གནས་ཚུལ་གཟིགས་ཆེད་ཕེབས་ཡོད།
གཞི་རྩའི་འདི་ལོའི་ཕྱི་ཟླ་ ༢ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ཎ་ཌའི་གཞུང་ཚབ་མཆོག་ལ་བོད་དུ་ཕེབས་ནས་བོད་མིས་རང་སྲེག་ལས་འགུལ་གྱིས་མཚོན་ཚབས་ཆེའི་ལས་འགུལ་རིགས་སྤེལ་དགོས་པའི་རྒྱུ་རྐྱེན་ཇི་ཡིན་རྟོག་ཞིབ་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ཉིན་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐོར་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ International Human Rights of the Canadian Parliament ཚོགས་ཁང་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་གསལ་བཤད་གནང་ཡོད། དེ་ཡང་གཞུང་ཚབ་པ་མཆོག་ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ལྷ་ས་དང་གཞིས་ཀ་རྩེ་ཁུལ་སོགས་སུ་བསྐྱོད་སྐབས་ཞིང་ཆེན་དང་ས་གནས་གཞུང་གི་དཔོན་རིགས་རྣམས་ཐུག་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་སྐོར་གླེང་ཡོད།
གཞུང་ཚབ་པ་མཆོག་གཞིས་ཀ་རྩེར་ཕེབས་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ Braille Without Borders ཞེས་པ་དེ་དང་བོད་མིའི་དབང་པོ་སྐྱོན་ཅན་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་མཉམ་རུབ་ཐོག་བཙུགས་པའི་བག་ལེབ་བཟོ་གྲྭ་དེར་ཕེབས་ཡོད། བཟོ་གྲྭ་དེ་ཁེ་ཎ་ཌ་གཞུང་གིས་ས་གནས་ལས་གཞིར་མཐུན་འགྱུར་གནང་བའི་ Canada Fund for Local Initiatives ཁོངས་སུ་ཡོད་འདུག ལས་གཞི་དེ་བརྒྱུད་ནས་བོད་མི་གཞོན་སྐྱེས་ལོང་བ་དང་དབང་པོ་སྐྱོན་ཅན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད། གཞན་ཡང་གཞུང་ཚབ་པ་མཆོག་གིས་ཇོ་ཁང་དུ་ཕེབས་ནས་དགེ་འདུན་པ་ཁག་ཅིག་མཇལ་བ་མ་ཟད། བཀྲ་ཤིས་ལྷུན་པོ་དང་སེ་ར་དགོན་པ། དེ་བཞིན་ཕོ་བྲང་པོ་ཏཱ་ལ་སོགས་ནང་གཟིགས་སྐོར་ཕེབས་ཡོད་པ་བཅས།།