༢༠༡༣ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༨ ཉིན་ཨ་རིའི་ཇོར་ཇི་ཡའི་ Georgia མངའ་སྡེའི་ཨེ་ཊ་ལེན་ཊའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་མང་ཚོགས་ལ་དུས་རབས་ ༢༡ སྐབས་འདིར་འགན་ཁུར་ལྡན་པའི་མི་སེར་ (Pillars of Responsible Citizenship in the 21st Century Global Village) ཞིག་བྱ་རྒྱུའི་དགོས་དམིགས་གཙོ་བོ་གང་ཡིན་སྐོར་བཀའ་སློབ་སྩལ། ཕྱེད་ཡོལ་དུ་༸གོང་ས་མཆོག་གིས་ཀླད་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌེ་ཝི་ཌི་སན་ Richie Davidson ལགས་དང་ཕ་རན་སི་ཌི་ཝལ་ Frans de Waal ལགས་དེ་བཞིན་སེམས་དང་སྲོག་གི་ལས་འཆར་འགན་འཛིན་སྐུ་ཞབས་ཨར་ཐར་ཛ་ཇོང་ Arthur Zajonc ལགས། འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་ཁང་གི་ཚོགས་གཙོ་སྐུ་ཞབས་ཇེམ་སི་ཝེག་ནར་ President James Wagner མཆོག་སོགས་དང་ལྷན་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ཆོས་ལུགས་རིས་མེད་ཀྱི་བཟང་པོའི་བསླབ་བྱའི་སློབ་གསོ་ ‘Secular Ethics and Education’ སྤྲོད་རྒྱུའི་སྐོར་བགྲོ་གླེང་མཛད་ཡོད། དེང་དུས་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་བཟང་སྤྱོད་ཀྱི་རིན་ཐང་ཐོག་སློབ་གསོ་སྤྲོད་རྒྱུའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད།
སྐབས་དེར་༸གོང་ས་མཆོག་གིས་དེང་སྐབས་ཚན་རིག་གི་གནས་ཚད་ཐོག་ཡར་རྒྱས་ཧ་ལས་ཕྱིན་ཡོད་པ་དང་། མིའི་ཀླད་པ་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ལ་གྲུབ་འབྲས་ཧ་ཅང་ཐོན་ཡོད་པར་བརྟེན་ད་ཆ་ནང་གི་བསམ་བློའི་རྣམ་གཞག་དང་འབྲེལ་བའི་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་དོ་སྣང་བྱ་རྒྱུའི་དུས་ལ་བསླེབས་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་དོན། དེང་དུས་ཚན་རིག་གིས་ཕྱི་དངོས་པོ་ཚད་འཇལ་རྒྱུ་ཡོད་པ་སོགས་ལ་གཙོ་བོར་དམིགས་བཞིན་ཡོད། སེམས་དེ་ཡང་དངོས་ཡོད་གནས་སྟངས་དང་འབྲེལ་བའི་རྣམ་གཞག་གཅིག་ཆགས་ཡོད། དེར་བརྟེན་ཚན་རིག་པའི་དཔྱོད་ཡུལ་དུ་སེམས་དང་སེམས་ཚོར་གྱི་རྣམ་གཞག་ངེས་པར་དུ་འཇོག་དགོས། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་ང་ཚོས་བཟོས་པ་རེད། རྙོག་ཕྲ་བཟོ་མཁན་དེ་ཕྱི་དངོས་པོས་མིན། རྙོག་ཕྲ་བཟོ་མཁན་དེ་ང་ཚོའི་བསམ་བློའི་ནང་ཡོད། མེ་མདའ་འཁྱེར་མཁན་དེ་ལས་མེ་མདས་རྙོག་ཕྲ་བཟོ་གི་མེད། དེར་བརྟེན་གལ་ཆེ་ཤོས་བསམ་བློར་སྟངས་འཛིན་བྱ་རྒྱུ་དེ་ཡིན། མཚོན་ཆས་སྲུང་སྐྱོབས་བྱེད་ཐུབ་རྒྱུ་དང་རྙོག་ཕྲ་བཟོ་མཁན་ངོ་མ་དེ་ང་ཚོའི་སེམས་བརྒྱུད་ལ་ཡོད་པའི་ཉོན་མོངས་པའི་བློ་དེ་དག་ཆགས་ཡོད། ཁོང་ཁྲོ་དང་འཇིགས་སྣང་ལ་སོགས་པས་སེམས་ཀྱི་ཞི་བདེ་དཀྲུག་བཞིན་ཡོད། སེམས་ནང་ཞི་བདེ་མེད་ཚེ་ལུས་པོའི་བདེ་ཐང་མེད་པ་ཆགས་རྒྱུ་རེད། ཤེས་ཡོན་སློབ་གསོ་དང་གོ་རྟོགས་སྤེལ་བ་བརྒྱུད་ནས་ང་ཚོས་ཉོན་མོངས་པའི་བློ་དེ་ཆུང་དུ་གཏོང་ཐུབ། ངོས་ཀྱིས་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་ལགས་ཀྱིས་གཙོས་ཚན་རིག་པ་མང་པོ་ཞིག་ཐུག་ནས་ལས་ཀ་བྱས་མྱོང་ཡོད། ཁོང་ལྟ་བུར་མཚོན་ན་ལོ་ངོ་ ༢༠།༣༠ ལྷག་ཙམ་རིང་ལས་གཞི་འདིའི་ཐོག་ཕྱག་ལས་གནང་མྱོང་ཡོད། དཔལ་འབྱོར་དང་གྲགས་པའི་ཆེད་དུ་རྩ་བ་ནས་མིན་པར་འཛམ་གླིང་ནང་བདེ་སྐྱིད་སྐྲུན་ཆེད་ཁོ་ན་ཡིན། དེར་བརྟེན་གོ་སྐབས་འདི་བརྒྱུད་ནས་ངོས་ཀྱིས་ཁོང་གིས་གཙོས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། མུ་མཐུད་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།