༢༠༡༣ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༣ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས། ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་གནས་སྟངས་དང་ལས་དོན་བྱེད་ཕྱོགས་ཐོག་ཞིབ་འཇུག་དང་། བྱེད་སྒོར་ལམ་སྟོན་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཞོར་ལྕོགས་སུ་ལ་སྤྱིའི་ཁྱབ་ཁོངས་གནད་ཡོད་མི་སྣ་ལྷན་བཞུགས་མོལ་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་སྐོར་ངོ་སྤྲོད་ལམ་སྟོན་དང་། མ་འོངས་པར་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་ཡར་རྒྱས་གཏོང་ཐབས་ཀྱི་བསམ་འཆར་སྡུད་ལེན་གནང་བ་མ་ཟད། ས་གནས་ནས་ཞུ་སྐུལ་བྱུང་དོན་ལྟར་སེར་སྐྱ་མང་ཚོགས་དང་སློབ་གྲྭ་བཅས་པར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་བ་བཅས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད།
དེ་ཡང་ཁྲིམས་ཞིབ་པ་ཆེ་བ་མཆོག་གངས་སྐྱིད་ནས་ཇ་མུ་བར་ཕེབས་འགྲོ་དང་། དེ་ནས་མཁའ་ལམ་བརྒྱུད་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ལ་གླེ་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་ཀྱི་མང་གཙོ་ཀ་བ་གསུམ་གྱི་འགོ་འཛིན་རྣམ་པ་དང་། རང་བདེན་ཚོགས་གཙོ་བཅས་ནས་ཕེབས་བསུར་བཅར་ཡོད་པ་མ་ཟད། ལ་སྤྱི་ལས་ཁུངས་མདུན་ཐང་དུ་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་མ་དང་ལས་ཁུངས་ཁག་གི་ལས་བྱེད་བཅས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། ཕེབས་བསུའི་མཛད་སྒོ་གཞིས་སྤྱི་ལས་ཁུངས་ཀྱི་ཚོགས་ཁང་དུ་རྟེན་འབྱུང་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་དང༌། ལས་ཤག གཏུག་བཤེར་ཚོགས་ཁང་བཅས་ཀྱི་ཁང་ཁུངས་དང་འཛིན་ཆས་མཐུན་རྐྱེན་ཁག་ལ་གཟིགས་ཞིབ་གནང༌བསྟུན། ས་གནས་ཀྱི་ལ་སྤྱི་ལས་ཁུངས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། མཉམ་སྦྲེལ་ལས་ཁུངས། རང་བདེན་ཚོགས་ཆུང་གི་ཁུངས། འཕྲོད་བསྟེན་སྨན་ཁང་བཅས་ལའང་འཚམས་གཟིགས་གནང་། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག ལ་དྭགས་བོད་ཁྱིམ་ཚོགས་ཁང་ཆེན་མོའི་ནང༌། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་མང་ཚོགས་ ༡༢༥༠ ཙམ་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ཁྲིམས་ཁོངས་ཁྱབ་ཚད་དང་ལས་དོན་བྱེད་ཕྱོགས། དམིགས་བསལ་ས་གནས་ཁྲིམས་ཞིབ་ཁང་གི་ལས་འགན། ཁ་མཆུ་ཞུ་གཏུག་བྱ་ཕྱོགས། ས་གནས་སུ་ཁ་མཆུ་བྱུང་སྐབས་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་བསྟེན་ཕྱོགས། ས་གནས་ཀྱི་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་རྣམ་པས་སྤྱི་ཚོགས་ཀྱི་ཞབས་ཞུ་ལྟ་བུའི་སྒོ་ནས་ཞབས་འདེགས་ལྷོད་མེད་ཞུ་གལ་ཆེ་སྐོར་དང་། དུས་ཚོད་དང་འགྲོ་སོང་ཆེད་དུ་འོས་འཚམས་ཀྱི་གླ་ཡོན་ལེན་པ་ལས་ཡུལ་ཁྲིམས་ཀྱི་ཁྲིམས་རྩོད་པ་ནང་བཞིན་གླ་ཡོན་ཆེན་པོ་ལེན་ཐལ་མེད་པ་དགོས་སྐོར་སླད་ཕྱིན་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ལས་རིམ་ནང་ལ་སྤྱིའི་ཁྱབ་ཁོངས་ནས་མི་འགྲོ་གང་མང་འཛུལ་ཞུགས་ཐུབ་པ་བྱ་དགོས་འབོད་སྐུལ་དང་དངོས་འབྲེལ་གྱོད་ཡ་ཉམ་ཐག་ལ་རོགས་རམ་ཇི་ཡོད། ཁྱད་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཆོག་གི་བཀའ་སློབ་སྙིང་དབུས་སུ་བཅངས་ཏེ་ཡ་རབས་བཟང་སྤྱོད་ཀྱི་སྒོ་ནས་རང་རིགས་སྤྱི་ཚོགས་ནང་འཆམ་མཐུན་ངང་འཚོ་གནས་ཐུབ་པ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཅས་ཀྱི་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང་བ་དང༌། མི་མང་གི་དོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གནང༌།
ཕྱི་ཚེས་ ༡༦ ཉིན་གྱི་ལས་ཡུན་རིང་ས་གནས་ཁྲིམས་ཞིབ་ཁང་གི་འཛིན་སྐྱོང་དང་མཐུན་རྐྱེན་གནས་སྟངས། ལས་དོན་བྱེད་ཕྱོགས་སྐོར་ལ་ཐུགས་ཞིབ་གནང་སྟེ། ལས་བྱེད་ཚོ་ལ་དངུལ་རྩིས་དང་ཁྲིམས་དོན་དང་འཛིན་སྐྱོང་གི་ཡིག་ཆ་བདག་ཉར་བྱེད་སྟངས་ཀྱིས་མཚོན་པའི་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་སྐོར་རྒྱུས་སྟོན་བཀོད་མངགས་དོ་ནན་གནང༌། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཉམ་འབྲེལ་ཤེལ་ཅན་ཚོགས་ཁང་དུ་གནད་ཡོད་མི་སྣ་ ༤༠ ལྷག་ལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ལས་དོན་བྱེད་ཕྱོགས་དང། ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྱབ་ཁོངས་ས་གནས་དང་ད་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་བཅས་ངོ་སྤྲོད་དང་འབྲེལ་ཟུར་འཛུགས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་དགོས་དམིགས་བཅས་ཀྱི་སྐོར་བཀའ་སློབ་ཟབ་རྒྱས་གནང་བ་དང༌དང་འབྲེལ། མ་འོངས་པར་ས་གནས་ཁྲིམས་ཞིབ་ཁང་གི་ལས་དོན་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་ཚུལ་སྡུད་ལེན་དང་། བཀའ་འདྲི་བྱུང་བ་ཁག་ལ་གསལ་བཤད་ལན་འདེབས་མཐིལ་ཕྱིན་གནང༌།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ལ་དྭགས་བོད་ཁྱིམ་ཚོགས་ཁང་ཆེན་མོའི་ནང་བོད་ཁྱིམ་སློབ་ཕྲུག་དང་དགེ་ལས་ ༦༣༥ ཙམ་ལ་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པའི་ལས་དོན་བྱེད་ཕྱོགས་དང་ཁྲིམས་ཁོངས་ཁྱབ་ཚད། ས་གནས་ཁྲིམས་ཞིབ་ཁང་གི་ལས་འགན། ཉེ་ལམ་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བཙུགས་པའི་བརྒྱུད་རིམ། སློབ་ཕྲུག་རྣམས་ནས་མ་འོངས་པར་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཡུལ་ཁྲིམས་ལ་དོ་སྣང་གིས། ཁྲིམས་ཀྱི་མཐོ་སློབ་ཁག་ཏུ་གང་མང་འཛུལ་ཞུགས་ཐུབ་པ་དགོས་སྐོར་བཅས་ཀྱི་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་མུ་མཐུད་ས་གནས་ཁྲིམས་ཞིབ་ཁང་གི་མཐུན་རྐྱེན་གནས་སྟངས་དང་། ཁྲིམས་དོན་དང་འཛིན་སྐྱོང་ལས་དོན་བྱེད་ཕྱོགས་སྐོར་ལ་ཐུགས་ཞིབ་གནང༌སྟེ།
སྐབས་མཚམས་སོ་སོར་འདི་བྱ་འདི་བྱེད་ཀྱི་བླང་དོར་ལམ་སྟོན་དང་བཀོད་མངགས་གནང་བ་དང་། གཏུག་བཤེར་ཁང་གི་འཛིན་ཆས་སྒྲིག་གཤོམ་ལ་སོགས་པའི་ས་གནས་ཁྲིམས་ཞིབ་ཁང་གི་བྱེད་སྒོར་བསྐྱར་བཅོས་དང་ལམ་སྟོན་གནང་། ཁྱད་པར་དུ་ཕྱི་ཚེས་ ༡༩ ཉིན་རྒྱབ་ས་ཁྲིམས་ལས་བྱེད་ཚང་མར་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་ཅི་མཆིས་དུས་ཐོག་ཚགས་ཚུད་སྒྲུབ་དགོས་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང༌། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་ལ་དྭགས་སུ་ལས་རིམ་སྐྱོང་ཡུན་རིང་ལ་སྤྱི་ལས་ཁུངས་གཙོས་པའི་འབྲེལ་ཡོད་ཚན་པ་ཁག་ནས་བཞུགས་གནས་དང་ཕེབས་བསུའི་མཚོན་པའི་སྣེ་ལེན་མཐུན་འགྱུར་གང་གཟབ་ཞུས་འདུག་པ་དང་། ས་གནས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ། ཁྲིམས་ཞིབ་པ་ཆེ་བ་མཆོག་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་ཡོད་པ་བཅས།།