༢༠༠༩ ཕྱི་ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། སྔ་ལོ་ཟླ་ ༧ ཚེས་ ༨ ཉིན་འཛིན་བཟུང་བྱས་པའི་གསེར་རྟ་རྫོང་ཁོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བཀྲ་ཕུན་དང་། འགུ་དྲག ངག་ཆུང་བཅས་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲེན་དུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་ཅིང་། འཛིན་བཟུང་བྱས་རྗེས་ངག་ཆུང་ལ་བོད་ནང་གི་གནས་སྟངས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་བཙུགས་ཏེ་ཁྲེན་དུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ནང་བཀག་ཉར་བྱས་ཡོད་ཚུལ་ཙམ་ཐོས་རྒྱུ་ཡོད་པ་ལས། རྒྱ་ནག་གཞུང་ནས་ད་བར་ནང་མི་སྤུན་ཉེ་སུ་ལའང་ཐུག་འཕྲད་བཏང་མེད་པར་བརྟེན་ད་ལྟའི་ཁོང་གི་ཞིབ་ཕྲའི་གནས་སྟངས་ཁ་གསལ་གང་ཡང་མེད་པར་གྱུར་ཡོད་པ་རེད། ངག་ཆུང་ལགས་ནི་ལོ་མང་རིང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱས་པ་དང་། སྔ་རྗེས་སུ་དགོན་པའི་ལས་སྣེ་ཆེ་ཆུང་འདྲ་མིན་ཁུར་མྱོང་བ་མ་ཟད། འཛིན་བཟུང་བྱེད་སྐབས་སློབ་གླིང་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད། ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་དགེ་འདུན་པ་གཞན་གཉིས་གློད་བཀྲོལ་བཏང་བའི་ཁོངས་ནས་གྲྭ་བཀྲ་ཕུན་ནི་ཁོང་གི་ཕ་གཅིག་པའི་སྤུན་མཆེད་ཡིན་པ་རེད།།