༢༠༡༣ ཟླ་ ༦ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༠ ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེལ་བྷོན་དུ་ཧོང་ཀོང་དང་། རྒྱ་ནག་སྐམ་ས་ཆེན་མོ། དེ་བཞིན་ཁུལ་དེར་གནས་སྡོད་བཅས་ཁྱོན་རྒྱ་རིགས་མི་གྲངས་ ༢༠༠ བརྒལ་བར་མཇལ་ཁ་དང་ལྷན་བོད་མིའི་ངོས་ནས་རང་བཙན་རྩོད་ལེན་མ་བྱས་པར་གཉིས་ཕན་དབུ་མའི་ལམ་ཐོག་སྐྱོད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོ་ཕྱོགས་གཅིག་ནས་རྒྱ་བོད་ཀྱི་འབྲེལ་བ་ཞེས་པ་དེ་ཕལ་ཆེར་ལོ་སྟོང་ཕྲག་གཉིས་མ་ཟིན་ཙམ་གྱི་འབྲེལ་བ་ཡོད།
སྐབས་རེ་ང་ཚོ་དངོས་གནས་དྲང་གནས་ཧ་ཅང་མཛའ་འབྲེལ་བྱུང་ཡོད་ལ་མཚམས་རེ་ཕྲན་བུ་འཁྲུག་པ་རྒྱག་རྒྱུ་དེ་འདྲ་ཡང་བྱུང་ཡོད། རྒྱ་རིགས་རྣམས་མང་ཆེ་བ་ས་ཆ་གང་དུ་ཡོད་ཀྱང་དེའི་ནང་སོ་སོས་དཀའ་ལས་བརྒྱབ་སྟེ་འཚོ་བ་གདེང་འཁེལ་བ་ཞིག་བཟོ་ཐུབ་ཀྱི་འདུག དེ་བཞིན་ས་ཆ་གང་དུ་ཡོད་རུང་རིམ་བཞིན་ཆ་ན་ཊ་འོན་ཞེས་རྒྱ་མིའི་གྲོང་བརྡལ་ཞིག་ཆགས་ཏེ་སོ་སོའི་རིག་གཞུང་དེ་དག་ཉར་ཚགས་བྱེད་རྒྱུ་དང་། ཕྱོགས་མཚུངས་རྒྱ་རིགས་གང་དུ་ཡོད་ཀྱང་ཁ་ལག་ཞིམ་པོ་དུས་རྟག་ཏུ་ཡོད་མུས་རེད། གང་ལྟར་རྒྱ་རིགས་སྤྱིར་བཏང་ལོ་རྒྱུས་ཐོག་ནས་བརྗོད་ན། རིག་གཞུང་ལྡན་པའི་མི་རིགས་ཤིག་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༥༤།༥༥ ལོར་ངོས་རང་རྒྱ་ནག་ཏུ་བསྐྱོད་དེ་མའོ་ཙེ་ཏུང་ཐུག་སྐབས་འགན་ཁུར་དང་མི་དམངས་ཀྱི་བསམ་བློ་ཡོད་པ་དངོས་གནས་རླབས་ཆེན་ཞིག་རེད་འདུག དེ་དུས་ཀྱི་བསམ་བློ་མུ་མཐུད་གནས་ཡོད་ན། རྒྱ་ནག་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་དང་ལྐོག་ཟ་རུལ་སུངས་དེ་དག་ཕལ་ཆེར་ཡོང་གི་མ་རེད།
ཕྱི་ལོ་ ༡༩༥༦།༥༧ དེ་འདྲ་ནས་མའོ་ཙེ་ཏུང་གི་བསམ་བློ་དེ་ཡང་ཕྲན་བུ་ཏེང་ཞའོ་ཕིང་གིས་བཤད་པ་ལྟར་དངོས་ཐོག་བདེན་འཚོལ་མེད་པ་ལྟ་བུ་ཞིག་རེད་འདུག དེ་ལྟར་ཡོང་རྒྱུ་དེ་ཡང་ཕལ་ཆེར་མའོ་ཙེ་ཏུང་གི་འཁྲིས་ལ་ཡོད་པའི་མི་ཚོས་ཧ་ཅང་མཁས་པོ་སྙན་པོ་བཤད་དེ་གནས་ཚུལ་ཆ་ཚང་ཡག་པོ་ཞིག་རྟོག་གི་ཨེ་ཡོད་བསམ་པ་ཡོད། གང་ལྟར་དེ་ལྟ་བུའི་ཐོག་ནས་ཕྱི་ལོ་ ༡༩༥༧ ལོར་མཁས་པའི་མེ་ཏོག་བརྒྱ་མཉམ་བཞད་ཅེས་པ་དེ་ནས་གནས་ཚུལ་ཁྱད་མཚར་ཆགས་པ་རེད། དེ་རྗེས་རིག་གནས་གསར་བརྗེ་ལངས་པ་རེད། དེ་ནས་ཏེང་ཞའོ་ཕིང་ཡར་བསླེབས་པ་དང་། དེ་རྗེས་ཧུའུ་ཡོ་པང་ཡར་སླེབས་ཏེ་ཏན་ཏན་རེ་བ་ཞིག་བྱུང་ཡོད། ང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན། ཏན་ཏན་ཧུའུ་ཡོ་པང་ཡུན་རིང་ཙམ་དབང་ཆ་ཡོད་པ་བྱས་ཏེ་གནས་ཡོད་ན། བོད་པའི་གནས་ཚུལ་ཐག་གཅོད་ཟིན་ཚར་བ་རེད། བར་སྐབས་ང་ཚོ་འབྲེལ་བ་ཞིག་བྱུང་བ་རེད། འོན་ཀྱང་དངོས་ཐོག་བདེན་འཚོལ་ཡག་པོ་ཞིག་བྱུང་མེད། དེས་རྐྱེན་པས་ད་ལྟ་ཡང་ཐག་གཅོད་བྱུང་མེད། ད་ཆ་གཞུང་ཕར་བཞག་སྟེ་ཚུར་ཕྱོགས་འདིར་ང་ཚོས་མང་ཚོགས་ནང་འབྲེལ་བ་བྱ་རྒྱུ་དང་། ལྷག་པར་ཤེས་ཡོན་ཅན་ནང་འབྲེལ་བྱས་པ་ཡིན། ང་ཚོས་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་བཤད་སྐབས་ཚང་མས་ཧ་ཅང་རྒྱབ་སྐྱོར་བྱེད་ཀྱི་འདུག ཁྱེད་རྣམ་པས་ཤེས་གསལ་ལྟར། ང་ཚོས་རང་བཙན་རྩོད་ལེན་བྱེད་ཀྱི་མེད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་བཞག་ཟིན་པའི་རྗེས་ཆབ་སྲིད་ཀྱི་འགོ་ཁྲིད་གསར་པ་སླེབས་ཡོད་ཀྱང་ང་ཚོས་ད་ལྟ་དབུ་མའི་ལམ་ཐོག་འགྲོ་བཞིན་ཡོད།
གཞིས་ལུས་རྒྱ་ཆེའི་མི་མང་ནང་གི་ཤེས་ཡོན་ཅན་དང་སློབ་ཕྲུག་སོགས་མང་དག་ཅིག་གིས་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་འདུག དེ་བཞིན་རྒྱ་རིགས་ནང་ནས་ཕལ་ཆེར་འདས་པའི་ལོ་གསུམ་ཙམ་ནང་ང་ཚོས་དོ་སྣང་བྱུང་བ་དེ་རྒྱ་ཡིག་ནང་རྩོམ་ཡིག་ཆིག་སྟོང་ལྷག་ཙམ་ཞིག་བྲིས་ཡོད་པ་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་རྒྱ་གཞུང་གི་སྲིད་བྱུས་ལ་བསྐྱོན་བརྗོད་བྱེད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་དང་རྒྱ་རིགས་ཚོའི་དྲི་བ་ཁག་ལ་བཀའ་ལན་ཡང་སྩལ་ཡོད་པ་བཅས། །