༢༠༡༣ ཟླ་ ༦ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་རྟེན་གཞི་བྱས་པའི་ཀོན་ཝེན་ཤན་ཚོགས་ཁང་ (Melbourne Convention Centre) ཆེན་མོའི་ནང་མང་ཚོགས་ ༥༨༠༠ བརྒལ་བར་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་བོད་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བོད་གཞས་གཟིགས་འབུལ་ཞུས་པ་མ་ཟད། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱི་ཚོགས་མི་སྐྱིད་འཛོམས་ལགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དང་སྦྲགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས། དེ་རྗེས་ཁུལ་དེའི་གཞོན་སྐྱེས་སྙན་གྲགས་ཅན་སྐུ་ཞབས་ལེ་སི་ཊོན་ཊི་མན་ (Les Twentyman) ལགས་ཀྱིས་མང་ཚོགས་རྣམས་ལ་བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཞུ་སྐབས། མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་མོ་བརྡབ་པ་བརྒྱུད་མགོན་པོ་གང་ཉིད་མཆོག་ལ་གུས་འདུད་ཧ་ཅང་ཆེན་པོ་ཞུས་ཡོད། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། ངོས་རང་དེ་རིང་སླར་ཡང་ས་གནས་འདིར་ཡོང་ནས་ཁྱེད་རྣམས་དང་ཐུག་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། ཉེ་ལམ་ངོས་རང་ས་གནས་འདིར་རྒྱལ་སྤྱིའི་ངོ་བོ་ལྡན་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ལ་བཅར་རྒྱུ་བྱུང།
འདས་པའི་ཉིན་ཤས་སྔོན་ངོས་རང་གྲོང་ཁྱེར་སི་ཌི་ནི་དང་དེ་སྔོན་ནིའུ་ཛི་ལེན་ཌི་བཅས་ནང་བསྐྱོད་ནས་རང་གི་བསམ་ཚུལ་དང་ཉམས་མྱོང་ཕྲན་བུ་ཡོད་པ་རྣམས་གཞན་ལ་གོ་རྟོགས་དང་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང། ངོས་ཀྱི་རྒྱུན་ལྡན་ང་ཚོ་ཚང་མ་འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པའི་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་བསམ་པ་དྲན་བཞིན་ཡོད། ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་ལྟར་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡོད། འགྲོ་བ་མིའི་རིགས་ནི་དུད་འགྲོ་ལས་ཁྱད་པར་འབྱེད་སྐབས་མིའི་ཀླད་པ་གྲུང་པོ་དང་བསམ་བློ་གཏོང་རྒྱུའི་ནུས་པ་དེ་ལས་འབྱེད་བཞིན་ཡོད་ནའང། སྐབས་མང་ཆེ་བར་མིས་ཀླད་པ་དེས་རྙོག་གྲ་བཟོ་ཆེད་བེད་སྤྱོད་བྱེད་བཞིན་ཡོད། དཔེར་ན། ང་ཚོས་འཕྲུལ་ཆས་ཡར་རྒྱས་ཧ་ཅང་བཏང་སྟེ་ཉིན་རེའི་འཚོ་བའི་དཀའ་ངལ་མང་པོ་ཞིག་ལས་སློ་པོའི་ཐོག་ནས་སེལ་ཐུབ་ཀྱི་ཡོད། འོན་ཀྱང་འཕྲུལ་ཆས་དེ་སྐབས་རེ་བེད་སྤྱོད་ལོག་པ་བཏང་ནས་སྤྱི་ཚོགས་བདེ་འཁོད་མེད་པར་དུས་རྟག་ཏུ་འཇིགས་སྣང་དང་འཚེ་བའི་བྱ་སྤྱོད་སྤེལ་བཞིན་ཡོད། དེ་ནི་གཙོ་བོ་བྱམས་བརྩེའི་བསམ་བློ་མ་འདང་པའི་རྐྱེན་གྱིས་ཡིན། མིའི་རྣམ་དཔྱོད་ཀྱི་ཤེས་རབ་དང་སེམས་རྒྱུད་ནང་གཞན་གྱི་བདེ་དོན་ལ་གཙིགས་ཆེར་འཛིན་པའི་བྱམས་བརྩེའི་བསམ་བློ་གཉིས་ཟུང་འབྲེལ་ཐོག་འགྲོ་ཐུབ་དགོས། བྱམས་བརྩེའི་བསམ་པ་དེས་ང་ཚོའི་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུར་ཕན་ཐོགས་ཡོད།
བྱམས་བརྩེའི་བསམ་པ་མེད་ན་གཞན་ལ་ཡིད་ཆེས་སྐྱེད་ཐབས་བྲལ། ཡིད་ཆེས་མེད་པའི་རྐྱེན་བྱས་ནས་མི་གཞན་ལས་སླ་པོའི་ཐོག་ནས་མགོ་སྐོར་བསླུ་བྲིད་བྱ་རྒྱུ་སོགས་ཡོང་བཞིན་ཡོད། གཞན་ལ་ཡིད་ཆེས་མེད་པ་དང་འཇིགས་སྣང་དང་དོགས་པ་རྣམ་རྟོག་གི་བློ་དེས་སེམས་ནང་གི་ཞི་བདེ་མེད་པ་བཟོ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་ཆོས་འབྲེལ་དང་ཕྱེད་ཡོལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག་པ་བཅས།།