༢༠༡༣ ཟླ་ ༦ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་མང་གཙོའི་ལས་འགུལ་ལ་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་ལོ་ ༢༤ འཁོར་བའི་དུས་ཚིགས་སུ་ཐེ་ཝན་ནང་དྲན་གསོའི་ལས་འགུལ་སྤེལ་ཡོད། དེ་ཡང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་ཐེ་ཝན་གཙུག་ལག་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་སྡེ་ཚན་ནས་གཙོ་འགན་དང་། ཐེ་ཝན་གྱི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་སོགས་ནས་གཞོགས་འདེགས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་གོ་སྒྲིག་གནང་ཞིང་། བཞུགས་མོལ་ཚོགས་འདུའི་ཐོག་རྒྱ་ནག་གིས་གཙོས་བོད་སོགས་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་ཕན་ཚུན་བགྲོ་གླེང་གནང་ཡོད།
ཐེ་ཝན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཡཱང་ཤན་ཧུང་ལགས་ཀྱིས་གསུངས་དོན། རྒྱ་ནག་གི་ས་ཁུལ་ཁག་ནང་ཆབ་སྲིད་བཙོན་པ་མི་གྲངས་ ༤༠༠༠ བརྒལ་བའི་མིང་གཞུང་བསྡུ་རུབ་ཐུབ་པ་དང་། དེའི་ཁོངས་མི་གྲངས་ཆིག་སྟོང་ལྷག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་མཁོ་སྤྲོད་གནང་བའི་བོད་མིའི་ཆབ་སྲིད་བཙོན་པ་ཡིན་པས། མིང་གཞུང་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཐེ་ཝན་གྲོས་ཚོགས་ནང་གཞུང་འབྲེལ་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་པ་དང་། གྲོས་ཆོད་མ་བཞག་པའི་སྔོན་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མིར་འབྲེལ་བ་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་འཕྲད་ལུགས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མིའི་གནས་སྟངས་ངོ་སྤྲོད་དང་། ཚང་མ་མཉམ་རུབ་ཐོག་ལས་འགུལ་སྤེལ་དགོས་པའི་བསམ་འཆར་སོགས་བཏོན་ཡོད།
ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོ་ཐེ་ཝན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་སོགས་ཀྱིས་གཙོ་འགན་གནང་བའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༤ འཁོར་བའི་མཚན་ཚོགས་རྒྱ་ཆེ་ཞིག་ཐེ་ཝན་རང་དབང་ཐང་ཆེན་དུ་གོ་སྒྲིག་གནང་བའི་ཐོག་སྐབས་དེའི་གནམ་བདེ་སྒོ་མོའི་སློབ་ཕྲུག་གི་འགོ་འཁྲིད་གྲས་སྐུ་ཞབས་ཝང་ཏན་ལགས་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གསུང་བཤད་གནང་མ་ཟད། ད་ཆ་ཨ་རིར་ཡོད་པའི་རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་གྲན་ཀོང་གྲན་ལགས་དང་། རྒྱ་ནག་པེ་ཅིང་དུ་བཞུགས་པའི་མང་གཙོ་དོན་གཉེར་བ་སྐུ་ཞབས་ཧུའུ་ཅཱ་སོགས་ཀྱི་བརྙན་པར་གཏམ་བཤད་གཟིགས་སྟོན་གནང་། བོད་ཀྱི་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༨༩ ཟླ་ ༣ པའི་ནང་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་ཏེ་ལོ་གཅིག་ལྷག་གི་དམག་ཁྲིམས་བཀག་རྒྱ་དམ་བསྒྲགས་འགྲོ་བཞིན་པའི་སྐབས་སུ་དྲུག་བཞིའི་དོན་རྐྱེན་བྱུང་ཞིང་། སྐབས་དེའི་དུས་བོད་མིའི་དབུ་འཁྲིད་ཁག་གཅིག་ནས་༸གོང་ས་མཆོག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་ན། བོད་རྒྱ་ཞི་མོལ་ལ་ཕོག་ཐུག་འགྲོ་སྲིད་པས་དེ་འདྲ་མ་མཛད་རོགས་ཞེས་ཞུས་ཡོད་རུང་། ༸གོང་ས་མཆོག་གིས་རྒྱ་གཞུང་ལ་འགྲེལ་བརྗོད་མཛད་པ་དང་།
དེ་རྗེས་བཙན་བྱོལ་ནང་དྲུག་བཞིའི་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་ལོ་རྒྱུས་ངོ་སྤྲོད་ཐོག་མང་གཙོའི་ཐོབ་ཐང་དང་། རང་དབང་གི་ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ནི་བོད་དང་ཡུ་གུར། ཐེ་ཝན་སོགས་རེ་འདུན་དང་ལྟ་གྲུབ་འདྲ་མིན་ཡོད་མཁན་ཚང་མ་བསམ་དོན་འགྲུབ་པའི་གཞི་རྩ་ཡིན་པས་ཕྱར་བ་གྲུ་འདེགས་དགོས་ཚུལ་སོགས་གསུང་བཤད་གནང་། གཞན་ཡང་རྒྱ་ནག་གི་མང་གཙོར་སེམས་འཁུར་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་དགེ་རྒན་ཆེན་མོ་སོགས་ཀྱིས་གཏམ་བཤད་གནང་བ་མ་ཟད། ཐེ་ཝན་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སློབ་ཕྲུག་བཅུ་གྲངས་ཤིག་གི་བརྙན་འཕྲིན་གཏམ་བཤད་སོགས་བསྟན་ཡོད།
ཐེངས་འདིའི་ལྷན་ཚོགས་སུ་རྒྱ་ནག་གི་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་མཉམ་འཛོམས་གནང་ཡོད།།