༢༠༡༣ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞི་ཚན་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ནས་ཚེས་ ༣༠ བར་བོད་མིའི་ས་གནས་ཁག་འདྲ་མིན་ནས་འཕྲོད་ལས་པ་དང་སྨན་ཞབས་བཅས་ཁྱོན་མི་གྲངས་ ༡༦ མཉམ་ཞུགས་གནང་བ་རྣམས་ལ། བྱིས་པ་མ་སྩལ་གོང་དང་སྩལ་རྗེས་སྐབས་མ་དང་བྱིས་པའི་འཕྲོད་བསྟེན་གལ་ཆེ་ཚུལ་Reproductive Health workshop ཇི་ལྟར་ཡིན་པའི་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བ་དེ་ལེགས་གྲུབ་བྱུང་ཡོད། ཟབ་ཁྲིད་ཆེད་དབུས་སྨན་རྩིས་ཁང་ནས་སྨན་པ་གཉིས་ཕེབས་ཡོད།
དེ་ཡང་ཕྱི་ཚེས་ ༢༧ ཉིན་དབུ་འབྱེད་མཛད་སྒོའི་སྐབས་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འཕྲོད་ལས་པ་དང་སྨན་ཞབས་པ་རྣམས་ལ་ཕྲུ་གུ་སྐྱེས་འཕེལ་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དང་དེ་བརྒྱུད་ས་གནས་སོ་སོའི་སྨན་ཁང་ནང་མ་དང་བྱིས་པའི་འཕྲོད་བསྟེན་ལྟ་སྐྱོང་ཐོག་ཕན་ཐོགས་རྒྱ་ཆེ་གནང་ཐབས་བྱ་རྒྱུའི་ཟབ་སྦྱོང་གི་དམིགས་ཡུལ་ཡིན་པ་ངོ་སྤྲོད་གནང་ཡོད། ཟབ་སྦྱོང་སྐབས་ཤེས་ཡོན་མི་སྣ་མགྲོན་འབོད་ཞུས་པ་རྣམས་ནི་བྷ་ལ་ཇི་ Ballaji hospital སྨན་ཁང་གི་སྨན་པ་པར་ཌིབ་མ་ཀར་ Dr Pradeep Makkar ལགས་དང། ཏན་ཌ་སྨན་ཁང་ Tanda government hospital ནས་སྨན་པ་ལྕམ་སྐུ་ནི་ལམ་མ་ཧཱ་ཇན་ Dr Neelam Mahajan ལགས། སྦིར་སྨན་ཁང་ནས་སྨན་པ་བསྟན་འིན་བདེ་ཆེན་ལགས་བཅས་ཀྱི་སློབ་སྟོན་གནང་ཡོད་པ་མ་ཟད། དབུས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་འཇམ་དབྱངས་སྒྲོལ་མ་ལགས་ནས་ཀྱང་གསོ་བ་རིགས་པའི་གཞུང་ལུགས་ཐོག་མ་དང་བྱིས་པའི་འཕྲོད་བསྟེན་ཇི་ལྟར་སྐྱོང་དགོས་མིན་ཐོག་ལམ་སྟོན་གནང་ཡོད། གཞན་ཡང་སྐབས་དེར་ཕྲུ་གུ་ཐོག་མར་མའི་མངལ་ནས་སྩལ་སྐབས་ཟབ་ནན་ཇི་ལྟར་དགོས་མིན་དང། སྦྲུམ་མའི་གནས་སྐབས་མའི་ལུས་ལ་ན་ཟུགས་དང་དེ་མིན་ནད་གཞི་གཞན་གང་འདྲ་ཡོད་མེད་དང། སྐབས་དེར་མའི་ལུས་པོ་བདག་གཅེས་ཇི་ལྟར་བྱེད་དགོས་མིན། གཞན་ཡང་ཕྲུ་གུ་སྩལ་རྗེས་མ་དང་བྱིས་པའི་འཕྲོད་བསྟེན་གཅེས་སྐྱོང་ཇི་ལྟར་གནང་དགོས་པའི་ཐབས་ལམ་དང་ཉམས་མྱོང་སོགས་གོ་བསྡུར་སྦྱང་བཤད་ཐིལ་ཕྱིན་པ་བྱུང་ཡོད། ཐེངས་འདིའི་ཟབ་སྦྱོང་གཙོ་སྐྱོང་གནང་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་འཕྲིན་ལས་དཔལ་མོ་ལགས་དང་ངག་དབང་བསྟན་འཛིན་ལགས་གཉིས་ཡིན་འདུག་པ་བཅས།།