༢༠༡༣ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ ཉིན་སིམ་ལར་ས་ཀ་ཟླ་བའི་དུས་ཆེན་ཉིན་དང་སྟབས་བསྟུན། མཛད་སྒོ་ཚོགས་སྐབས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇ་གྷ་ཏི་སིངྒ་ནེ་གི་ Shri Jagat Singh Negi མཆོག་གིས་༸གོང་ས་མཆོག་གི་སྐོར་”Dalai Lama: A Talkathon scroll དཔེ་དེབ་དབུ་འབྱེད་གནད་ཡོད། དཔེ་དེབ་རྩོམ་པ་པོ་སྐུ་ཞབས་སོམ་རན་ཆན་ Prof. Som Ranchan ལགས་ཀྱང་ཕེབས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱབ་ར་ཁྲི་ཚབ་རིན་པོ་ཆེ་མཆོག་ཡིན་འདུག དེ་ཡང་དཔེ་དེབ་དེའི་ནང་༸གོང་ས་མཆོག་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་དང་བོད་མིའི་བདེན་པའི་འཐབ་རྩོད་སྣེ་ཁྲིད་མཛད་མཁན་སོགས་༸གོང་ས་མཆོག་གི་མཛད་རྣམ་ཚིག་བཅད་དང་ཚིག་ལྷུག་ཐོག་སྙན་ངག་གི་ལམ་ནས་རྒྱན་ཡོད། ད་བར་སོམ་རན་ཆན་ལགས་ཀྱིས་དེབ་བདུན་བཅུ་ལྷག་བརྩམས་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སངས་རྒྱས་སྟོང་གི་ཞལ་ཐང་ཞལ་ཁ་ཕྱེ་སྟེ་སྨོན་ལམ་གསུང་འདོན་གནང། དེ་རྗེས་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་རྡོ་རྗེ་བྲག་དགོན་པའི་མཁན་པོ་བསོད་ནམས་བཀྲི་ཤིས་ལགས་ཀྱིས་མཛད་པ་བཅུ་གཉིས་ངོ་སྤྲོད་གནང། ཕྱོགས་མཚུངས་སྐབས་དེར་གཙུག་ལག་སློབ་དཔོན་སྐུ་ཞབས་ཝི་ཨེ་སི་ནེ་གི་ Prof. V.S. Negiལགས་ཀྱིས་ས་ཀ་ཟླ་བའི་དུས་ཆེན་ངོ་སྤྲོད་གནང། གཞན་ཡང་མཛད་སྒོའི་ཐོག་སིམ་ལ་གཏན་སློབ་ཀྱི་སློབ་མ་རྣམས་ནས་གཞས་སྣ་འཁྲབ་སྟོན་གནང་བ་མ་ཟད། རྡོ་རྗེ་བྲག་དང་ཇོ་ནང་དགོན་པས་འཆམ་འཁྲབ་སྟོན་གནང། དེ་བཞིན་ལ་ཧུལ་དང་སྤྱི་ཏི་ Lahaul-Spiti ཡུལ་གྱི་སློབ་ཕྲུག་རྣམས་ནས་ཀྱང་གཞས་སྣ་གཟིགས་འབུལ་ཞུས། མཛད་སྒོའི་སྐབས་མི་གྲངས་ ༢༠༠༠ བརྒལ་བ་འཛོམས་ཡོད། མཛད་སྒོ་དེ་བཞིན་གོ་སྒྲིག་ཞུ་མཁན་འཕགས་བོད་མཛའ་འབྲེལ་ཚོགས་པ་ཡིན་འདུག་པ་བཅས།།