༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་ཀར་ན་ཊ་ཀ་མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེ་སི་ཝི་རང་གྷ་ནཱཐ་ Mr. S.V. Ranganath མཆོག་དབུ་བཞུགས་ཐོག་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་དཀའ་ངལ་དང་འབྲེལ་བའི་སྐོར་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད། དེ་ཡང་ཚོགས་འདུ་དེའི་ཐོག་ཀར་ན་ཊ་ཀ་མངའ་སྡེའི་ནང་སྲིད་ལྷན་ཁང་གི་དྲུང་ཆེ་རྣམ་པ་དང། ཁྲལ་དང་གྲོང་སྡེ་ཡར་རྒྱས་དང་གྲོང་སྡེ་ལྷན་ཚོགས། སྦེང་ལོར་ཤིང་ནགས་བདག་སྲུང་གི་སྤྱི་ཁྱབ། ཀར་ན་ཊ་ཀ་མངའ་སྡེའི་གློག་གཏོང་ལས་ཁུངས་ཀྱི་འགན་འཛིན།
དེ་བཞིན་མངའ་སྡེའི་རྫོང་གི་འབྲེལ་ཡོད་འགན་འཛིན་ཁག་གཅིག་མཉམ་ཞུགས་གནང་ཡོད་པ་དང། བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང། དྲུང་འཕར་འཆི་མེད་རིག་འཛིན་ལགས། ལྷོ་སྤྱི་ཀརྨ་སེང་གེ་ལགས། ལྷོ་ཕྱོགས་གཞིས་ཆགས་ལྔའི་ས་གནས་འགོ་འཛིན་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་དང། འཛིན་སྐྱོང་འགན་འཛིན་བཀྲ་ཤིས་དབང་བསྡུས་ལགས་ བཅས་མཉམ་ཞུགས་གནང་ཡོད། ཚོགས་འདུ་དབུ་འཛུགས་ཐོག་ནང་སྲིད་དྲུང་ཆེས་ཀར་ན་ཊ་ཀ་མངའ་སྡེ་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་ལོ་ངོ་ ༥༠ ལྷག་རིང་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ཀར་ན་ཊ་ཀ་མངའ་སྡེའི་ནང་གི་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་ཚོགས་འདུ་འདི་རིགས་ལོ་རེར་ཐེངས་རེ་ཚོགས་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། ཚོགས་འདུའི་ཐོག་ཀར་ན་ཊ་ཀ་མངའ་སྡེའི་ནང་ཡོད་པའི་མོན་གྷོ་དང། ཀོ་ལི་གྷལ། ཧུན་སུར་བོད་མིའི་གཞིས་ཆགས་ཀྱི་འཐུང་ཆུ་དང་གློག་གི་དཀའ་ངལ་དང།
དེ་བཞིན་གཞིས་ཆགས་ནང་གི་གསང་ལམ་བཟོ་བཅོས་བཅས་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད། སྐབས་དེར་སྤྱི་ཁྱབ་དྲུང་ཆེས་འབྲེལ་ཡོད་ལྷན་ཁང་ཁག་ལ་གོང་ཞུས་གནད་དོན་ཁག་གལ་ཆེར་རྩིས་ཐོག་ཞིབ་འཇུག་དགོས་པའི་ལམ་སྟོན་གནང་བ་དང་ལྷན། ཀར་ན་ཊ་ཀ་མངའ་སྡེའི་ནང་གནས་སྡོད་བོད་རིགས་རྣམས་ལ་གང་ཐུབ་མཐུན་འགྱུར་དང་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། ཕྱི་ལོ་ ༢༠༡༠ ལོར་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་དབུ་བཞུགས་ཐོག་འདི་ལྟ་བུ་ཚོགས་འདུ་ཚོགས་པ་ད་ཐེངས་ཚོགས་འདུ་འདི་བཞིན་ཚོགས་ཐེངས་གཉིས་པ་ཆགས་ཡོད།