༢༠༡༣ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། བོད་བསྟན་པ་ཆབ་སྲིད་དོན་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཕྱི་རྒྱལ་རང་དབང་ལུང་པར་གནས་འཁོད་བོད་མི་རྣམས་ཀྱིས་རྒྱལ་གཅེས་པའི་སྙིང་སྟོབས་ལ་རྗེས་དྲན་དང་གུས་འདུད། གནས་ཚུལ་ངོ་མ་གསལ་བཤད་ངོ་སྤྲོད་བྱ་རྒྱུའི་འོས་འགན་ཡོད་པ་མ་ཟད། ལྷག་དོན་རྒྱ་མི་རིགས་དང་རྒྱ་ནག་སྐམ་སའི་ཡུལ་མིས་ཤེས་རྟོགས་ཐུབ་རྒྱུ་ཤིན་ཏུ་གལ་གནད་ཆེ་བ་མཐོང་ནས ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་ཝན་གནས་སྡོད་བོད་རིགས་ཚོགས་པ། ས་གནས་གཞོན་ནུ་སོགས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༦ ནས་ཕྱི་ཟླ་ ༥ ཚེས་ ༦ བར་ཐེ་ཝན་རང་དབང་ཐང་ཆེན་དུ་གུར་ཆེ་བ་བཞིའི་ནང་བོད་མིའི་རང་ལུས་མེར་སྲེག་སྐོར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད།
ཐེངས་འདིའི་འགྲེམས་སྟོན་ནང་དོན་ཆ་ཚང་གསར་དུ་བཟོས་ནས་སྡེ་ཚན་ཆེ་བ་གསུམ་སྟེ།
༡༽བོད་མི་ཚོས་ག་རེ་བྱས་ནས་རང་ལུས་མེར་སྲེག་གཏོང་གི་ཡོད། ཅེས་པའི་ལེ་ཚན་ནང་། རང་ལུས་མེར་སྲེག་གཏོང་མཁན་གྱི་ཞལ་ཆེམས་ཁག་ཟུར་བཏོན་གསལ་བཤད་དང་།
༢༽རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་དང་དེའི་ནང་མི་ཉེ་འབྲེལ་ལ་དམའ་འབེབས་འཁྱོག་བཤད། ཅེས་པའི་ལེ་ཚན་ནང་། རྒྱ་ནག་གཞུང་གི་གསར་འགྱུར་ནང་ཐོན་པའི་འཁྱོག་བཤད་ཁག་བདེན་མིན་ར་སྤྲོད་ཀྱི་ལན་འདེབས།
༣༽བོད་མིའི་རང་ལུས་མེར་སྲེག་ནི་ནང་ཆོས་དང་འགལ་ཡོད་དམ། ཞེས་པའི་ལེ་ཚན་ནང་། བླ་ཆེན་ཁག་གི་བཀའ་སློབ་ལུང་དྲངས་ཏེ་གསལ་བཤད་དང་འདྲ་པར་སོགས་བཀོད་ཡོད།
གུར་གྱི་ཡང་ཐོག་ཏུ་ཕྲེད་དར་ཆེ་བའི་སྟེང་གལ་སྲིད་རྒྱ་ནག་ལ་ཐེ་ཝན་ལྟར། རང་དབང་དང་མང་གཙོ་ཡོད་ན་རང་ལུས་མེར་སྲེག་ཡོང་མི་སྲིད་ཅེས་དང་། རང་སྲོག་བློས་གཏོང་མཁན་དེ་ཚོ་བརྗེད་པ་ཡིན་ན། དེ་ནས་བཟུང་ཁོ་ཚོ་དངོས་གནས་ཤི་ཚར་བ་རེད། ཅེས་རྒྱ་ཡིག་ཆེན་པོ་བཀོད་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ཚོས་རྒྱང་ནས་གསལ་པོ་མཐོང་ཐུབ་ཀྱི་ཡོད་པ་མ་ཟད།
གཞན་ཡང་བོད་ཆོལ་ཁ་གསུམ་རྒྱ་ནག་གཞུང་གིས་ས་མཚམས་དབྱེ་བའི་ས་ཁུལ་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་ས་ཆ་དང་གྲངས་འབོར་བཅས་གསལ་བའི་ས་ཁྲ་ཆེན་པོ་དང་། བོད་ཀྱི་ཡུལ་གོམས་གཤིས་ལུགས་གསལ་བའི་ཆོལ་གསུམ་ས་ཁྲ་ཆེན་པོ་བཅས་བཤམས་ཡོད་ལ། གུར་ནང་གི་ཡང་སྟེང་དུ་བོད་ཀྱི་ཆོས་དང་། རིག་གཞུང་། ཡུལ་ལྗོངས་ཀྱི་རྣམ་པ་ལྡན་པའི་པར་རིགས་མང་པོ་བཀལ་ཡོད་པར་བརྟེན་མི་མང་པོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་བཅས།