༢༠༡༣ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་༸གོང་ས་མཆོག་བྱང་ཕྱོགས་ཨ་ཨར་ལེན་ཌིའི་རྒྱལ་ས་ཌེ་རིའི་ནང་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཞབས་རི་ཆ་ཌི་མོར་མཆོག་གིས་གཙོས་ཁོང་གི་ལྕམ་སྐུ་དང་བུ་མོ། དེ་བཞིན་ནང་མི་སྤུན་མཆེད་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་སྐུ་ཞབས་རི་ཆ་ཌི་མོར་མཆོག་གིས་ཨ་མ་ལགས་ད་ཆ་རང་ལོ་ ༩༣ སོན་ཡོད་སྟབས། ཁོང་གིས་སྐུ་ཉིད་མཆོག་མཇལ་བཅར་དུ་ཕེབས་འདོད་གནང་བཞིན་འདུག་ཀྱང། ལུས་སྟོབས་ཞན་པར་བརྟེན་མཇལ་བཅར་དུ་ཕེབས་ཐུབ་མེད་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་དུས་ཁོམ་བྱུང་ན། ཁོ་མོ་ཐུག་འདོད་ཡོད་སྐོར་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་མ་གི་གཙུག་ལག་སློབ་ཁང་(Magee University) དུ་ཆིབས་སྒྱུར་གྱིས་ཞི་བདེ་དང་རྩོད་རྙོག་གི་ལྟ་གྲུབ། ཅེས་པའི་བརྗོད་གཞིའི་ཐོག་གཙུག་ལག་སློབ་དཔོན་སྐུ་ཞབས་བྷེ་རན་ཊོན་ཧེམ་བྷར་མཆོག་དང་ལྷན་བགྲོ་གླེང་མཛད་ཡོད། སྐབས་དེར་སྐུ་ཞབས་བྷེ་རན་ཊོན་ཧེམ་བྷར་མཆོག་གིས་༸གོང་ས་མཆོག་ལ་ཞི་བདེའི་ཐོག་ལྟ་གྲུབ་ཇི་འདྲ་ཞིག་འཛིན་བཞིན་ཡོད་སྐོར་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ཞི་བདེ་ངོ་མ་དེ་ནང་བསམ་བློ་ཞི་ཞིང་དུལ་བའི་ཐོག་ནས་ཡོང་དགོས་པར་བརྟེན། མི་སྒེར་པ་སོ་སོ་ནས་འགོ་འཛུགས་དགོས་པ་ཞིག་ཡིན། དེ་ནས་ནང་མི་དང་ཁྱིམ་མཚེས་སོགས་ལ་ཁྱབ་རྒྱུ་ཡིན། ནང་གི་བསམ་བློ་ཞི་བདེ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི། ཡིད་ཆེས་དང་འཆམ་མཐུན་སོགས་ལ་རག་ལུས་ཡོད། དེར་བརྟེན་སྤྱི་ཚོགས་དང་འཛམ་གླིང་ནང་ཞི་བདེ་དགོས་ན་ཕན་ཚུན་འཆམ་མཐུན་དང་ཡིད་ཆེས་དགོས་པ་ལས། སྨོན་ལམ་བརྒྱབ་པ་ཙམ་གྱིས་ཞི་བདེ་ཡོང་བའི་ངེས་པ་གང་མེད། གང་ཡིན་བརྗོད་ན། རྙོག་གྲ་བཟོ་མཁན་ང་ཚོ་མི་ཡིན་སྟབས། རྙོག་གྲ་སེལ་རྒྱུའི་ཐབས་ལམ་ཡང་ང་ཚོས་འཚོལ་དགོས། ཞེས་བཀའ་ལན་སྩལ།
གཞན་ཡང་གཙུག་ལག་སློབ་དཔོན་སྐུ་ཞབས་བྷེ་རན་ཊོན་ཧེམ་བྷར་མཆོག་གིས་ (Prof Brandon Hamber) ༸གོང་ས་མཆོག་ལ་འབྱུང་འགྱུར་བོད་ཀྱི་གནས་སྟངས་ཐད་བཟང་ཕྱོགས་ཀྱི་ཐུགས་རེ་གང་ཡོད་མཛད་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། བོད་ནང་གི་དཀའ་ངལ་དེ་བོད་མི་ནང་འཁྲུག་ལ་བརྟེན་ནས་བྱུང་བ་ཞིག་མིན། བོད་ནང་དུ་མགྲོན་འབོད་མེད་པའི་མགྲོན་པོ་གསར་པ་ཞིག་གིས་ལག་ཏུ་མེ་མདའ་འཁྱེར་ནས་བསླེབས་ཡོད། མགྲོན་པོ་དེ་བསླེབས་པ་ནས་བཟུང་བོད་མིའི་རིག་གཞུང་དང་གོམས་གཤིས་སོགས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་འཕྲད་བཞིན་ཡོད། བོད་མི་ཚོར་འཚེ་མེད་ཞི་བ་དང་བྱམས་བརྩེའི་བསམ་པར་བརྟེན་པའི་རིག་གཞུང་ཧ་ཅང་ཕྱུག་པོ་ཞིག་ཡོད་པར་བརྟེན། ང་ཚོས་རིག་གཞུང་དེ་དག་སྲུང་སྐྱོབ་བྱ་འདོད་ཡོད། རྒྱ་ནག་ནང་གི་འགྱུར་འགྲོས་དེེས་བོད་ཀྱི་གནད་དོན་ལ་ཤུགས་རྐྱེན་ཧ་ཅང་ཐེབས་རྒྱུ་ཡིན། ད་ཆ་རྒྱ་ནག་ནང་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད་པར་བརྟེན། ང་ཚོའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་ཏན་ཏན་ཡོད།
ཅེས་སོགས་ཀྱི་བཀའ་ལན་གྲུབ་བསྟུན་ཁུལ་དེ་ནས་སན་ཇོ་སེབ་སློབ་གྲྭར་ (St Joseph’s School) ཆིབས་ཞལ་བསྒྱུར་ཏེ་ལམ་བར་དུ་སྐུ་ཞབས་རི་ཆ་ཌི་མོར་མཆོག་གི་ནང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁོང་གི་ཨ་མ་ལགས་ལ་མཇལ་ཁ་སྩལ། སྐབས་དེར་༸གོང་ས་མཆོག་གིས་ཨ་མ་ལགས་ཀྱི་བུ་དེ་སྔ་ཆུང་དུས་མིག་ལ་འགྱིག་གི་མེ་མདའ་ཕོག་སྟེ་མིག་གཉིས་ཀ་ལོང་བ་ཆགས་ནས་དྲན་མེད་སོང་ཡོད། ཕྱིས་སུ་དྲན་པ་གསོ་སྐབས། སེམས་འཁྲལ་དང་པོ་དེ་རང་གི་མའི་ཞལ་རས་མཇལ་གྱི་མ་རེད་བསམ་པའི་བསམ་བློ་འཁོར་བ་མ་གཏོགས། འཁོན་འཛིན་གྱི་བསམ་པ་སྤུ་ཙམ་མ་བསྐྱེད་བར་བརྟེན། ད་ཆ་ཁོང་ལ་མིག་གཉིས་ཀ་མེད་ཀྱང་སེམས་ནང་ཞི་བདེ་བག་ཡོད་ལྡན་ཡོད་པར་བརྟེན། ངོས་ཀྱིས་ཀྱང་ངོས་ཀྱི་དཔའ་བོ། ཞེས་ཆེ་མཐོང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅེས་ཨ་མ་ལགས་ལ་འགྲེལ་བརྗོད་མཛད།
དེ་ནས་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་སྐབས་སླར་ཡང་སྐུ་ཞབས་རི་ཆ་ཌི་མོར་སྐོར་བཀའ་སློབ་སྩལ། ཉིན་གུང་༸གོང་ས་མཆོག་དང་ཡི་ཤུའི་བླ་ཆེན་སྐུ་ཞབས་ཀེན་གུ་ཌི་ (Ken Good) མཆོག སྐུ་ཞབས་རི་ཆ་ཌི་མོར་ Richard Moore མཆོག མོན་སི་ཉོ་ཨེར་མོན་མར་ཊིན་ (Monsignor Eamon Martin) མཆོག་བཅས་ཞི་བདེའི་ཟམ་པའི་ཐོག་ཆིབས་སྒྱུར་བསྐྱངས་སྐབས་ས་གནས་སློབ་མ་གྲངས་ ༣༠༠ ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་བྱམས་བརྩེའི་རིག་གཞུང་སྲུང་བརྩི་ཞུ་ཆེད། ༸གོང་ས་མཆོག་དང་སྐུ་ཞབས་རི་ཆ་ཌི་མོར་མཆོག་གིས་མི་མང་གྲངས་ ༢༥༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་སྐུ་ཞབས་རི་ཆ་ཌི་མོར་མཆོག་གིས་གྲོང་ཁྱེར་འདིར་ཕྱི་ལོ་ ༢༠༡༣ ལོ་འདི་བཞིན་བྱམས་བརྩེའི་རིན་ཐང་གོང་མཐོར་སྤེལ་བའི་ལོ་ཞིག་ཡིན་སྟབས། ལས་གཞི་དེར་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་བརྟེན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུ་གང་ཟག་ཁྱད་པར་བ་ཞིག་གི་རྒྱབ་སྐྱོར་ནིི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འཆམ་མཐུན་དང་ཞི་བདེ་གཉིས་ཐོབ་ཆེད་འབད་བརྩོན་བྱེད་དགོས། འཚེ་མེད་ཞི་བར་ཡིད་ཆེས་ཡོད་མཁན་ཚོས་ལས་འགུལ་འདི་རིགས་ལ་རྒྱབ་སྐྱོར་ངེས་པར་དུ་གནང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བྱམས་བརྩེའི་ཉམས་ལེན་བྱེད་མཁན་ན་གཞོན་ཁག་གཅིག་ལ་གཟེངས་རྟགས་གསོལ་རས་སྩལ་ཏེ་མཛད་སྒོ་གྲུབ་བསྟུན། ༸གོང་ས་མཆོག་ཁུལ་དེ་ནས་དབྱིན་ཇིའི་གཙུག་ལག་སློབ་གྲྭ་སྙན་གྲགས་ཅན་ཀེམ་བྷི་རི་ཆིར་ (Cambridge) ཆིབས་སྒྱུར་གྱིས་ས་གནས་སུ་༸ཞབས་སོར་འཁོད་སྐབས་སན་ཇོན་སི་ (St John’s College) མཐོ་སློབ་ཀྱི་གཙོ་འཛིན་སྐུ་ཞབས་ཁི་རི་སི་ཊོ་པར་ཌོབ་སོན་ (Christopher Dobson) མཆོག་དང་ཁོང་གི་ལྕམ་སྐུ། དེ་བཞིན་སློབ་ཕྲུག་གི་སྐུ་ཚབ་འཐུས་མི་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།