༢༠༡༣ ཟླ་ ༤ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་རྗེས་གསར་འགོད་པ་ཁག་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད།
དེ་ཡང་ཐོག་མར་གསར་འགོད་པ་གཅིག་གིས་བོད་ནང་རང་ལུས་སྲེག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ལོ་ཤས་གོང་ནས་ངོས་རང་བོད་མིའི་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དོན་གྱི་བདག་པོ་གཞིས་བཞུགས་བོད་མི་ཚོ་ཡིན། ཁོང་ཚོ་ཆང་རག་གིས་བཟི་བ་དང་། བཟའ་ཚང་ནང་ཁུལ་མ་འཆམ་པར་བརྟེན་ནས་རང་ལུས་མེར་སྲེག་བཏང་བ་ཞིག་རྩ་བ་ནས་མིན་པར་འ་ཆད་འུ་ཐུག་གི་གནས་སྟངས་འོག་ནས་ལས་འགུལ་དེ་ལྟར་སྤེལ་བ་ཞིག་ཆགས་ཡོད། དོན་གྱི་བདག་པོ་ཁོང་རྣམས་ཡིན་སྟབས་ངོས་ལ་བརྗོད་རྒྱུ་གང་ཡང་མེད། གལ་ཏེ་ཁོང་ཚོའི་དཀའ་ངལ་སེལ་ཆེད་ཐབས་ལམ་གཞན་ཞིག་ངོས་ལ་སྤྲོད་རྒྱུ་ཡོད་ན། ངོས་ཀྱིས་ཁོང་ཚོར་རང་ལུས་མེར་སྲེག་མ་བཏང་རོགས། དཀའ་ངལ་སེལ་རྒྱུའི་གདམ་ཁ་འདི་ཡོད། ཅེས་བརྗོད་ཆོག་ཀྱང་དེ་འདྲའི་ནུས་པ་ཞིག་གང་ཡང་མེད། ངོས་ཀྱིས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱ་ཐབས་བྲལ། ཞེས་བཀའ་ལན་སྩལ།
ཡང་གསར་འགོད་པ་གཞན་ཞིག་གིས་༸གོང་ས་མཆོག་ལ་དུས་རྟག་ཏུ་ཐུགས་ཧ་ཅང་སྤྲོ་སྣང་གི་ཚོར་བ་ལྷན་སྐྱེས་སུ་མངོན་པ་དེའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ངོས་རང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པར་བརྟེན། བདེ་སྐྱིད་ཡོང་བར་སེམས་ཞི་བདེ་བག་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སེམས་ཀྱི་ཞི་བདེ་དཀྲུག་མཁན་སྡང་སེམས་དང་འཁོན་འཛིན་ཡིན། དེར་བརྟེན་ཉོན་མོངས་དེ་དག་གང་ཐུབ་མགོ་གནོན་ཐུབ་ཐབས་བྱེད་བཞིན་ཡོད། ང་ཚོས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་བྱེད་སྐབས་སེམས་མ་འཁྲུག་པར་སེམས་ཞི་བདེ་ལྡན་པ་ཞིག་དགོས། དེ་ལྟར་ཡོང་བར་གཞན་གྱི་བདེ་སྡུག་ལའང་ང་ཚོས་ངེས་པར་དུ་བསམ་བློ་གཏོང་ཐུབ་པ་དགོས། དེ་འདྲ་བྱུང་ན་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུ་ཡིན། ཞེས་བཀའ་ལན་སྩལ།
གཞན་ཡང་སྐབས་དེར་གསར་འགོད་པ་ཞིག་གིས་བོད་ལ་རང་སྐྱོང་གི་གནས་བབ་ཐོབ་ཆེད་འཐབ་རྩོད་ཀྱི་ལས་འགུལ་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། ལྷོ་ཊི་རོལ་རང་སྐྱོང་གི་གནས་སྟངས་དེར་ང་ཚོས་མིག་དཔེ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བོད་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུ་དེ་ནི་ཕྱི་ལོ་ ༡༩༥༡ ཙམ་ནས་སྐད་ཆ་བྱུང་བ་རེད། དེ་རྗེས་སླར་ཡང་ཕྱི་ལོ་ ༡༩༥༦ ལོར་སྐད་ཆ་བྱུང་བ་རེད། མའོ་ཙེ་ཏུང་ནས་ཀྱང་ཆ་རྐྱེན་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འཁོད་པར་ངོས་འཛིན་བྱས་པ་ལྟར། ཕྱི་ལོ་ ༡༩༥༩ བར་བོད་མི་ཚོས་ཆ་རྐྱེན་དེའི་འོག་གནས་ཐུབ་ཐབས་བྱས་ཡོད། ཅེས་བཀའ་ལན་སྩལ།
དེ་བཞིན་གསར་འགོད་པ་གཞན་ཞིག་གིས་འཛམ་གླིང་ནང་ཞི་བདེ་ཇི་ལྟར་བསྐྲུན་ཐུབ་མིན་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། འཛམ་གླིང་ནང་ཞི་བདེ་ཡོང་བར་ཐོག་མར་གང་ཟག་སྒེར་པ་རང་ཉིད་ཞི་བདེ་ལྡན་པ་ཞིག་དགོས་པ་ལས་སྨོན་ལམ་བརྒྱབ་པ་ཙམ་གྱིས་འཛམ་གླིང་ཞི་བདེ་བསྐྲུན་མི་ཐུབ། མི་སྒེར་པ་སོ་སོའི་སེམས་ནང་ཞེ་སྡང་དང་འཁོན་འཛིན་གྱི་བསམ་པ་སོགས་ཤུགས་ཆུང་དུ་བཏང་སྟེ་ཉོན་མོངས་ཀྱི་མགོ་གནོན་ཐུབ་ན། སེམས་ནང་ཞི་བདེ་ཡོང་ངེས། ཞེས་བཀའ་ལན་སྩལ།
ལྷག་པར་ཏེ་རན་ཏི་ནོ་བརྙན་འཕྲིན་བརྒྱུད་ལམ་ (Trento TV) གྱི་གསར་འགོད་པས། མི་ཚོས་རྒྱ་ནག་ལ་དོགས་ཟོན་བྱེད་ཀྱི་ཡོད་པའི་བསམ་ཚུལ་དེ་འགྲིག་པ་ཞིག་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཆགས་ཡོད་སྟབས། རྒྱ་ནག་མི་མང་ཚོར་ཡར་རྒྱས་གོང་འཕེལ་འགྲོ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། དེར་བརྟེན་རྒྱ་ནག་ཟུར་ཕུད་བྱ་རྒྱུ་དེ་མ་རུང་བ་ཞིག་ཡིན། རྒྱ་ནག་ནང་འགྱུར་བ་ཡོང་རྒྱུ་ཧ་ལམ་ངེས་པ་ཡིན། འགོ་ཁྲིད་གསར་པ་ཚོས་ཀྱང་འགྱུར་བ་གཏོང་རྒྱུ་གལ་ཆེ་ཡིན་པ་ད་ཆ་ཤེས་ཚོར་བྱུང་བ་ལྟ་བུ་ཡོད། འོན་ཀྱང་འགྱུར་བ་དེ་ཇི་འདྲ་གཏོང་མིན་གྱི་ཐབས་ལམ་མ་རྙེད་པ་ལྟ་བུ་གནས་ཡོད། ཅེས་བཀའ་ལན་སྩལ་ཡོད།
དེ་རྗེས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་གསོལ་སྟོན་བཤམས་ཡོད། ཕྱེད་ཡོལ་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་ (European Academy) དུ། མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི། ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད། (Beyond Religion) ཅེས་པའི་དཔེ་དེབ་སྐོར་དྲི་བ་དྲིས་ལན་གྱི་ལྷན་ཚོགས་ཤིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་ཐོག་མར་༸གོང་ས་མཆོག་གིས་ཕྱག་དེབ་ཀྱི་མཚན་བྱང་ཐོག་གསལ་བཤད་མཛད་དོན། ངོས་ཀྱིས་བྲིས་པའི་དཔེ་དེབ་འདིའི་མིང་བྱང་པར་སྐྲུན་ལས་ཁང་གིས་བཀོད་པ་ཞིག་ཡིན། མིང་བྱང་དེར་གོ་ནོར་མ་ཐེབས་པ་གནང་དགོས། ཞེས་བཀའ་སྩལ་ཡོད་པ་བཅས།།