༢༠༡༣ ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རོ་བྷེར་ཊི་མིན་ཌེ་མཆོག་ (Robert Menendez) གིས་ཡོངས་ཁྱག་བསྒྲགས་གཏམ་སྤེལ་ཡོད་པའི་ནང་འཁོད་དོན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་ཛ་དྲག་གི་གནད་དོན་ཡོང་མུས་ཡིན་པའི་ཐོག་ང་ཚོར་ཧ་ཅང་སེམས་འཚབ་ཡོང་གི་འདུག རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་གསལ་ཡོད་པ་ལྟར། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། དེང་སྐབས་བོད་ཀྱི་ས་ཁུལ་ནི་འཛམ་གླིང་འདིའི་ནང་དྲག་གནོན་ཚབས་ཆེ་ཤོས་ཕོག་ཡུལ་གྱི་སྤྱི་ཚོགས་ཤིག་ཆགས་ཡོད། བོད་མིས་ཁ་པར་ནང་སྐད་ཆ་བཤད་པ་ཙམ་གྱིས་བཙོན་འཇུག་གི་ཉེས་པ་ཕོག་ཉེན་ཡོད་པ་མ་ཟད། རང་གི་རྩ་བའི་་བླ་མ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཀྱི་ཞུ་རྒྱུའི་རྣམ་འགྱུར་བསྟན་ཚེ་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་ཕོག་གི་ཡོད། མདོར་ན་བོད་མི་ཚོ་རང་ཡུལ་ནང་ཕར་འགྲོ་ཚུར་འོང་བྱ་རྒྱུའི་ཐོག་དམ་བསྒྲགས་བྱས་ཏེ་སོ་སོའི་ལུང་པའི་ནང་རང་ཉིད་མི་སེར་གཉིས་པ་ལྟ་བུ་ཆགས་ཡོད། སྤྱིར་བཏང་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་ཚུལ་མཐུན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཐོབ་དགོས་ཀྱི་ཡོད་ན། བོད་ཀྱི་དཀའ་རྙོག་སེལ་ཆེད་ཞི་བའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། དེ་བཞིན་ཨ་རིའི་གཞུང་གིས་གཙོས་མང་ཚོགས་ནས་བོད་མིའི་ཆོས་དང་རིག་གཞུང་ལ་དོ་ཁུར་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུས་དང་ཞུ་མུས་ཡིན་པ་མ་ཟད། ང་ཚོས་བོད་མི་རིགས་དང་བོད་མིའི་རིག་གཞུང་སྲུང་སྐྱོབ་ཐོག་ལས་དོན་བྱེད་སྒོ་གང་ཡོད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་ཞུ་རྒྱུའི་འགན་ཁུར་ཡོད་པའི་ངོས་འཛིན་ཞུ་བཞིན་ཡོད། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཚུད་པའི་བོད་མི་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མེད་པ་མ་ཟད། རིག་གཞུང་ཉམས་ཆག་དང་ས་ཆ་བཙན་བཟུང་བྱས་པར་ངོས་འཛིན་བྱེད་བཞིན་ཡོད། བོད་མིའི་ཆོས་དང་རིག་གཞུང་བདག་གཅེས་བྱེད་ཕྱོགས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་དགོས་ངེས་ཆགས་ཡོད། ཅེས་གསུངས་ཡོད།
ལྷག་པར་ཁོང་གིས་གསུང་དོན། གྲོས་ཚོགས་ངོས་ནས་བོད་ཀྱི་གནད་དོན་ཐོག་རོགས་སྐྱོར་གནང་ཐུབ་པའི་དགོངས་དོན་དོན་ཚན་བཞི་གསལ་སྟོན་གནང་འདུག
༡༽བོད་ནང་གི་བོད་མིའི་ཞུ་གཏུག་ལ་ཨ་རིའི་གཞུང་ནས་སྔར་ལྷག་ཉན་འཇོག་བྱེད་དགོས་རྒྱུ་དང་ཨ་རིའི་གཞུང་ཕྱོགས་ནས་བོད་ཕྱི་ནང་གཉིས་སུ་ལས་འཆར་འདྲ་མིན་ཐོག་དཔལ་འབྱོར་གྱི་རོགས་རམ་གནང་མུས་ཁག་མུ་མཐུད་གནང་རྒྱུ།
༢༽སྔ་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་་འགན་འཛིན་ལྕ་སྐུ་ན་ཝི་པེ་ལི་ (Navi Pillay) མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱས་པའི་སྒོ་ནས་བརྟན་ལྷིང་ཡོང་ཐབས་མེད་སྐོར་གསུངས་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཚན་འདྲ་མིན་ནས་འབོད་སྐུལ་དང་བསམ་འཆར་བཏོན་པ་བཞིན། དངོས་ཡོད་ཀྱི་གནས་ཚུལ་རྟོག་ཆེད་བོད་ནང་རང་དབང་ཅན་གྱི་སྒྲིག་འཛུགས་དང་གསར་འགོད་པ་གཏོང་དགོས་པ།
༣༽ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་མུ་མཐུད་ཕྱི་འབྲེལ་མི་སྣ་བོད་ནང་བསྐྱོད་ཐབས་སུ་ཨུ་ཚུགས་རྒྱག་དགོས་ཞིང་། ང་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོག་ཐུབ་པ་དགོས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་དང་ལྷན་ལས་དོན་བརྗེ་རེས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལྟ་གྲུབ་གཞི་ལ་བཞག་སྟེ་གོང་གི་ལས་དོན་ཁག་སྒྲུབ་ཐབས་བྱེད་དགོས་པ།
༤༽ཨ་རིའི་ཕྱི་སྲིད་ལས་ཁུངས་དང་རྒྱ་ནག་གཞུང་གི་སྡེ་ཚན་ཁག་གཞན་གྱིས་རྒྱ་ནག་དང་དེ་བཞིན་མངའ་ཁུལ་གྱི་ཡུལ་གྲུ་གཞན་ཁག་དང་ལྷན་བོད་ཀྱི་གནད་དོན་ནི་གལ་གནད་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་གྱིས་བགྲོ་གླེང་གནང་རྒྱུ་གལ་ཆེ་ཡིན་པ། བོད་ནང་བརྟན་ལྷིང་མེད་པའི་གནད་དོན་དེ་ཆེ་ས་ནས་རྒྱ་ནག་ཁྱོན་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་བ་ཆགས་ཡོད་པའི་གནས་ཚུལ་ཞིག་རེད། བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་ཐུབ་པ་བྱུང་ན། རྒྱ་གཞུང་རང་ཉིད་ལ་ཡང་ཁེ་ཕན་ཆེན་པོ་ཡོང་རྒྱུ་ཡིན། ཞེས་གསུངས་འདུག་པ་བཅས། །