༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཨ་རི་ཁུལ་དུ་གནས་སྡོད་རྒྱ་མི་རིགས་ཀྱི་རྩོམ་པ་པོ་དང་། མང་གཙོ་དོན་གཉེར་བའི་མི་སྣ་གྲགས་ཅན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། རང་དབང་ལྡན་པའི་རིག་གཞུང་མཁས་ཅན་བཅས་ལ་དམིགས་བསལ་མཇལ་འཕྲད་མཛད་ཡོད། ཐེངས་འདིར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་བསྟུན་གོང་གསལ་རྒྱ་རིགས་ཁོང་རྣམས་ནས་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་ཞུ་རྒྱུར་རེ་འབོད་ཤུགས་ཆེ་ཞུས་ཡོད་པ་བཞིན། སྤྱི་ནོར་༸གོང་ས་མཆོག་ནས་ཀྱང་རྒྱ་མི་རིགས་དེ་རྣམས་དང་མཇལ་འཕྲད་དང་ཁོང་རྣམ་པའི་བསམ་ཚུལ་ཇི་ཡོད་ཐུགས་ཞིབ་མཛད་རྒྱུར་ཐུགས་ཧ་ཅང་མཉེས་པོ་མཛད་ཀྱི་ཡོད་པ་ལྟར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ལ་ཌོཕ་ཨེས་ཌོ་རི་ཡ་ཞེས་པའི་བཞུགས་གནས་མགྲོན་ཁང་ཆེན་མོའི་ཚོམས་ཆེན་ནང་དུ་གོང་གསལ་ལས་རིགས་ཁག་གི་རྒྱ་རིགས་མི་སྣ་གྲངས་ ༡༣༠ བརྒལ་བར་མཇལ་འཕྲད་མཛད་ཡོད།
དེ་ཡང་རྒྱ་རིགས་ཁོང་རྣམས་ནས་༸གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཞུ་བའི་མཚན་བཀོད་སྙན་ཞུ་ཞིག་ཀྱང་འབུལ་ལམ་ཞུས་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་དང་བཞུགས་མོལ་མཛད་ཡོད་པ་མ་ཟད་རྒྱ་རིགས་ཁོང་རྣམས་ནས་ཕུལ་བའི་དྲི་བར་བཀའ་ལན་ལྷུག་པོར་སྩལ་ཡོད། རྒྱ་རིགས་ཁོང་རྣམས་ཀྱི་ཕུལ་བའི་སྙན་ཞུ་དེའི་ནང་བཀོད་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་དཀའ་རྙོག་དེ་འཚེ་བ་མེད་པའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བཞིན་རྒྱ་ནག་ནང་མི་རིགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་ལ་སྐུ་ངལ་ཤུགས་ཆེ་མཛད་བཞིན་ཡོད་པའི་མཛད་རྗེས་དེ་དག་ནི་རླབས་ཆེན་ཞིག་ཡིན་པ་སོགས་ཀྱི་བསྔགས་བརྗོད་རྒྱ་ཆེ་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་མཇལ་ཁར་བཅར་བ་ཡོངས་ལ་བཀྲ་ཤིས་ལེགས་ཀྱི་འཚམས་འདྲི་མཛད་པ་དང་སྦྲགས། སྔ་ལོ་བོད་ནང་གསུམ་བཅུའི་དུས་དྲན་རྗེས་སུ་བྱུང་བའི་བོད་མིའི་ཞི་རྒོལ་བྱུང་རྐྱེན་གྱི་གནས་ལུགས་ཞིབ་ཕྲ་ངོ་སྤྲོད་མཛད་དེ། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་དང་པོ་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་ཞིག་ཡོད་པ་ངོས་འཛིན་ཐུབ་པ་དགོས། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་གང་ཡང་མེད་པ་བརྗོད་དེ། མ་འགྲིག་པ་ཆ་ཚང་མགོན་པོ་གང་ཉིད་ཡིན་པས་སྐྱོན་འཛུགས་ཀྱི་དྲིལ་བསྒྲགས་སྤེལ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད། དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁར་བཅར་བ་ཡོངས་ལ་བཀྲ་ཤིས་འཚམས་འདྲི་མཛད་པ་དང་སྦྲགས་བཀའ་སློབ་ཟབ་རྒྱས་སྩལ་ཡོད། དེ་རྗེས་ཨ་རིའི་ནང་གནས་སྡོད་ཀྱི་པེ་ཅིང་གི་སྤྱི་གསར་ཞེས་པའི་དུས་དེབ་ཀྱི་རྩོམ་པ་སྐུ་ཞབས་ཤུ་ནི་ཤུན་ཞེས་པས་༸གོང་ས་མཆོག་ལ། ” གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་བོད་ལ་ཕྱིར་ལོག་མཛད་རྒྱུ་དང་། གལ་ཏེ་ཕྱིར་ལོག་མཛད་ཚེ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་སམ་ཡང་ན་པེ་ཅིང་དུ་བཞུགས་སམ་ཞེས་དང་། གཉིས་པ་བོད་རྒྱ་གྲོས་མོལ་བྱས་པའི་བརྒྱུད་རིམ་ནང་བོད་ཆེན་པོ་ཞེས་པའི་བརྗོད་ཚིགས་དེ་འགོག་རྐྱེན་ཞིག་ཏུ་འགྱུར་གྱི་ཡོད་པ་གོ་ཐོས་འདུག་ན་འགོག་རྐྱེན་དེ་སེལ་ཆེད་གནས་སྐབས་རིང་བོད་ཆེན་པོ་ཞེས་པ་དེ་མ་གསུང་ན་གང་འདྲ་ཡོད་དམ། ” ཞེས་བཀའ་དྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ལན་ཕེབས་དོན། ” ངོས་རང་ཕྱིར་ལོག་རྒྱུ་ཞེས་པའི་དུས་ཚོད་དེ་ཐོག་མ་ངོས་རང་བཙན་བྱོལ་བ་ཆགས་རྒྱུ་དེ་བོད་དོན་ལ་དམིགས་ནས་བཙན་བྱོལ་བ་ཆགས་པ་རེད། ད་ཆ་ལོག་རྒྱུ་ཞེས་པ་དེ་བོད་ནང་གི་མི་ཚོས་འདོད་པ་ཁེང་བ་ཞིག་སྔོན་ལ་ཡོང་དགོས་ཀྱི་ཡོད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་སྲིད་བྱུས་འཛིན་སྟངས་དེ་རྒྱུ་མཚན་ལྡན་པ་ཞིག་དང་དངོས་ཡོད་གནས་ཚུལ་རན་པའི་འགོ་ཞིག་ཚུགས་སོང་ན་ངོས་རང་ཕྱིར་ལོག་བྱས་ཏེ་དབང་ཆ་འཛིན་རྒྱུ་རྩ་བ་ནས་མིན་ངོས་ནས་རོགས་རམ་ཞུ་ཐུབ་ཀྱི་རེད། དེ་ནས་བོད་ཆེན་པོ་ཟེར་རྒྱུའི་ཐ་སྙད་དེ་དངོས་གནས་བྱས་ན་ང་ཚོས་བརྗོད་ཀྱི་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་ཞེས་པ་འདི་ནི་རྒྱུན་དུ་བོད་པའི་ཁ་རྒྱུན་ལ་ཡོད་པ་ཞིག་རེད། བོད་ཀྱི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་གནད་དོན་ལ་མ་ལྟོས་པར་ཆོས་དང་རིགས་གཞུང་ཐོག་གཅིག་འགྱུར་ཐོག་གནས་ཡོད། ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་ཤོད་ཀྱི་མེད། རང་བཙན་གྱི་སྐད་ཆ་རྩ་བ་ནས་ཤོད་ཀྱི་མེད། ང་ཚོས་རང་སྐྱོང་ཤོད་ཀྱི་ཡོད་པ་རེད། རང་སྐྱོང་འདི་རྩ་ཁྲིམས་ནང་དུ་རང་སྐྱོང་གི་མིང་གི་ཐོབ་ཐང་བོད་རིགས་ཚང་མར་སྤྲད་འདུག དཔེར་ན་ཙེ་ཊེ་ཆུས། ཙེ་ཊེ་ཀྲུའུ། ཙེ་ཊེ་ཤན་ཞེས་འདུག གང་ལྟར་ས་ཁུལ་དེ་དག་ཚང་མ་ཆོས་དང་རིག་གཞུང་གཅིག་པ་ཆགས་པ་འདུག གཞི་རྩའི་ཆ་ནས་སྐད་ཡིག་གཅིག་རེད། དེ་འདྲ་སོང་ཙང་ངོས་ནས་བོད་ཀྱི་དུམ་བུ་གཅིག་གི་སྐོར་ལ་སྐད་ཆ་བཤད། བོད་པ་ས་ཡ་བཞི་ཙམ་ཞིག་གི་སྐོར་ལ་སྐད་ཆ་མ་བཤད་ན་ཁྱད་མཚར་ཞིག་ཆགས་འདུག ངོས་ནས་ཐོབ་ཐང་ཤོད་རྒྱུ་འདི་དག་རྩ་ཁྲིམས་ནང་ཐོབ་ཐང་བཀོད་ཡོད་པ་དེ་དག་ཤོད་ཀྱི་ཡོད།” དེ་རྗེས་རྒྱ་ནག་མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ཞུ་ནི་ལི་ཞུ་བས། ཐེངས་འདིར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞུ་རྒྱུ་བྱུང་བའི་དགའ་ཚོར་གྱི་སེམས་འགུལ་རབ་ཏུ་འཕེལ་བའི་གཏམ་བཤད་སྤེལ་གསལ།
གུས་པར་འོས་པའི་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་འདིར་ཡོད་མཁྱེན་ལྡན་རྣམ་པ་ཚོར་དེ་རིང་ང་ཚོ་འདིར་༸གོང་ས་མཆོག་གི་མཇལ་ཁར་བཅར་བ་དཀོན་མཆོག་གིས་མཁྱེན་བཞིན་ཆོས་ལུང་གི་ལས་འགྲོ་ཡོད་པ་ལྟར་ངས་ད་རེས་ཀྱི་མཇལ་ཁ་ཐེངས་གཉིས་ཞུ་རྒྱུ་བྱུང་། མཇལ་ཐེངས་དང་པོ་དེ་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་རྟགས་མའི་བྱ་དགའ་འབུལ་བཞེས་སྐབས་དེར་རེད། སྐབས་དེ་གང་ཉིད་ཀྱི་སྐུ་གཟུགས་ཧ་ཅང་གསལ་ཐང་ཡིན་འདུག
བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པ་དེ་ནི་བོད་མི་མང་ཙམ་གྱི་བདེ་སྐྱིད་ཡིན་པ་མ་ཟད། རྒྱ་རིགས་མི་མང་གིས་ཀྱང་བདེ་སྐྱིད་ཅིག་ཡིན་པ་དང་། ངས་ངོས་འཛིན་བྱས་པར་ཞིག་ན་དེ་ནི་འཛམ་གླིང་མི་མང་ཡོངས་ཀྱི་བདེ་སྐྱིད་ཅིག་ཀྱང་ཡིན་པ་རེད། ཅེས་དང་། རང་ཉིད་རྒྱ་ནག་གི་ཤེས་ཡོན་ཅན་ཞིག་ཡིན་པའི་ཆ་ནས་བརྗོད་ན། ང་ཚོའི་སེམས་གཏིང་ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བོད་རིགས་མི་མང་ལ་ངེས་པར་དུ་དགོངས་སེང་ཞུ་དགོས་པའི་གནས་སུ་གྱུར་ཡོད་པ་ནི། ང་ཚོར་གཡོལ་དཀའ་བའི་རྒྱ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་བསམ་བློ་ཞིག་ཡོད་པར་དེའི་སྐོར་བོད་རིགས་མི་མང་རྣམས་ཀྱིས་དགོངས་པ་དང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་ཞུས་ཡོད་པ་རེད།
དེ་རྗེས་མུ་མཐུད་དྲི་བ་ཕུལ་བར་༸གོང་ས་མཆོག་ནས་བཀའ་ལན་ཕེབས་དོན། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་མི་འབོར་མང་ཤོས་ཡོད་པ་དང་རིམ་པས་ནུས་ཤུགས་ལྡན་པའི་(Super Power)བྱེད་ཐུབ་རྒྱུའི་རྒྱལ་ཁབ་གཅིག་རེད། ནུས་ཤུགས་ལྡན་པའི་རྒྱལ་ཁབ་གཅིག་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་ཡང་མི་འབོར་མང་ཤོས་དང་ལོ་རྒྱུས་ཡོད་པ་ཞིག་རེད། འོན་ཀྱང་དེ་འདྲའི་རྒྱལ་ཁབ་དེས་ད་ལྟ་ནང་བཞིན་དངོས་ཡོད་གནས་ཚུལ་ག་རེ་ཡིན་ཡང་གསང་བ་བྱས། གསར་འགྱུར་བརྒྱུད་ལམ་ལ་རང་དབང་མེད་པ། ཁྲིམས་ཀྱི་དབང་བསྒྱུར་མེད་པ་དེ་ཉེན་ཁ་མཐོང་གི་འདུག རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་འདི་སྤྱི་ཚོགས་འགོ་བྱེད་དང་གསར་འགྱུར་རང་དབང་ཡོད་པ་དེ་གལ་ཆེན་པོ་འདུག དེ་ནས་རིམ་པས་དེ་སྔ་རུལ་སུངས་བྱུང་བ་བཞིན་ཡ་ཡུད་ཆེན་པོ་དེ་འདྲ་མིན་པར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ག་ལེར་མང་གཙོའི་སྟེང་ཡག་པོ་འགྲོ་ཐུབ་ན་དྲན་གྱི་ཡོད་པ་རེད། གུང་ཁྲན་ཏང་གིས་ལོ་དྲུག་ཅུ་ཙམ་དབང་བསྒྱུར་བྱས་ཟིན་པ་རེད། ད་ཆ་རྒད་པོ་ཆགས་ཡོད་པས་རྒན་གཡོལ་བཏང་ན་ཡག་པོ་ཡོད་པ་རེད། དེ་ལྟར་ཞི་བདེ་ལྷིང་འཇགས་ཐོག་ནས་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་ཐུབ་པ་དང་། མང་གཙོར་འགྲོ་ཐུབ་ན་དེ་ང་ཚོ་ཐུན་མོང་གི་ཁེ་ཕན་ཞིག་རེད། ཐུན་མོང་གིས་སྒྲུབ་བྱ་ཞིག་རེད། ང་ཚོ་ཙམ་དུ་མ་ཟད་རྒྱ་ནག་ལ་ཁྲིམས་ཀྱི་དབང་བསྒྱུར་དང་གསར་འགོད་རང་དབང་སོགས་ཡོང་རྒྱུ་དེ་ནི་འཛམ་གླིང་སྤྱིས་འགན་ཞིག་རེད་བསམ་བཞིན་ཡོད།
ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་བ་སོགས་རྒྱ་རིགས་ཁོང་རྣམས་ལ་ཐུགས་བརྩེ་ཆེན་པོས་དམིགས་བསལ་མཇལ་ཁ་དང་ཁོང་རྣམ་དང་ལྷན་དུ་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་བསྡུར་ལྷུག་པོ་འདི་ལྟར་བྱུང་བ་ནི་༸གོང་ས་མཆོག་ཨ་རིའི་ནང་གི་མཛད་འཆར་ཁག་གི་ནང་ནས་དམིགས་བསལ་གལ་འགངས་ཆེ་བ་ཞིག་ཆགས་ཡོད་པ་རེད།།
གོང་གསལ་གནས་ཚུལ་བརྙན་ཕབ་ཐོག་གཟིགས་ན། www.youtube.com/watch?v=aHqTTeon1_4