༢༠༡༣ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་ཡུ་རོབ་བོད་རིགས་མཐུན་ཚོགས་དང་བོད་ཀྱི་དོན་ཁང་སོགས་ཀྱིས་གོ་སྒྲིག་འོག་ཡུ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦེལ་ཇེམ་གྱི་རྒྱལ་ས་སྦར་སིལ་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་ཡུ་རོབ་ཡུལ་གྲུ་ཁག་བཅུ་བདུན་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གྲངས་ ༤༠༠༠ བརྒལ་བ་ལྷན་འཛོམས་ཐོག་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་མེ་འཁོར་འབབ་ཚུགས་ནས་སྒྱུ་རྩལ་ཐང་ཆེན་བར་རྔམ་སྟོན་ཁྲོམ་སྐོར་གནང་གྲུབ་མཚམས་ཐང་ཆེན་དུ་ལྷན་འཛོམས་ཀྱིས་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་ཡོད། མཛད་སྒོའི་ཐོག་གནད་ཡོད་མི་སྣ་མང་དག་ཅིག་འདུ་འཛོམས་བྱུང་བའི་ཁྲོད་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་ང་ཚོས་འདི་གར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པ་སྲུང་བརྩི་ཞུ་བཞིན་ཡོད། དེ་བཞིན་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་པའི་སྐབས་སུ་བོད་ནང་གི་བོད་མི་ ༡༠༧ ནས་བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་མང་ཆེ་བ་འདས་གྲོངས་སུ་གྱུར་ཡོད། བཙན་བྱོལ་ནང་ནས་ཀྱང་བོད་མི་ཁག་གཅིག་གིས་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་སླད་རང་ལུས་མེར་སྲེག་བཏང་ཡོད།
དེ་རིང་འདི་གར་དམིགས་སུ་བཀར་ནས་ཡུ་རོབ་ཁུལ་གྱི་བོད་མི་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ཡུ་རོབ་ནང་ལོ་རྒྱུས་ལྡན་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད། དེར་བརྟེན་ངས་གོ་སྒྲིག་ཞུ་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དང་བོད་མིའི་དཀའ་རྙོག་མ་གསལ་བར་དུ་ང་ཚོས་མུ་མཐུད་ལས་འགུལ་དེ་རིགས་སྤེལ་དགོས་པ་ཞིག་ཆགས་ཀྱི་རེད།
དེ་རིང་རྣམ་པ་ཚོས་མ་བསྐུལ་དང་བླངས་ཐོག་འདི་གའི་ལས་འགུལ་ནང་མཉམ་བཞུགས་གནང་བ་ལྟར། མ་འོངས་པར་ཡང་བོད་དོན་ལ་ཕན་ཐོགས་ཡོད་པའི་ལས་འགུལ་གང་འདྲ་སྤེལ་རུང་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན། ང་ཚོ་རྡ་སར་གནས་སྡོད་སྲིད་སྐྱོང་གིས་དབུས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཡིན་རུང། གང་ལྟར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་མི་མང་གི་ངོས་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་སྐབས། ང་ཚོར་ལས་འགུལ་སྤེལ་རྒྱུའི་བློ་སྟོབས་གསར་པ་བསྐྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་བཞིན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མན་སི་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སོགས་གནད་ཡོད་མི་སྣ་ཁག་གཅིག་གིས་རིམ་བཞིན་གསུང་བཤད་གནང་ཡོད།
ཐེངས་འདིའི་གསུམ་བཅུའི་དུས་དྲན་དེ་བཞིན་གླུ་དབྱངས་སོགས་ཀྱི་ལམ་ནས་ལས་འགུལ་འདྲ་མིན་ཞིག་སྤེལ་ཏེ་སྲུང་བརྩི་ཞུས་འདུག་པ་བཅས། །