༢༠༠༩ ཕྱི་ཟླ་ ༥ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པས་གོ་སྒྲིག་ཞུས་ཏེ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༢ ཕྱེད་ཡོལ་ཆུ་ཚོད་ ༤ ནས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཁག་དང་། སྲི་ཞུའི་ལས་བྱེད་ཆེ་ཕྲ་ཆུང་གསུམ། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བརྒྱད་པའི་སློབ་མ་བཅས་ཚང་འཛོམས་ཐོག་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ནས་ངོ་སྤྲོད་ཁག་གནང་གྲུབ་མཚམས་རྒྱ་གར་གཞུང་གི་ཁོར་ཡུག་དང་ནགས་ཚལ་ལྷན་ཁང་ནས་རྒྱབ་སྐྱོར་ཡོད་པའི་ཁོར་ཡུག་ཤེས་ཡོན་ཡར་རྒྱས་ཚོགས་པའི་འབྲེལ་མཐུད་པ་ (Rashmi Gangwar) ལགས་ནས་འོས་འདེམས་ (Pick Right ) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་འདིས་ཁོར་ཡུག་ཐོག་ལ་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་འཐུས་ཚབ་གཅིག་གདམ་རྒྱུར་འོས་འདེམས་ཐུབ་ན་ཕན་ནུས་ཆེན་པོ་ཡོད་པ་དང་། དེ་མཚུངས་ཁོར་ཡུག་ཡར་རྒྱས་གོང་མཐོའི་ལས་འཆར་གང་ཞིག་བསྐྲུན་སྐབས་ཉེ་གནས་ཀྱི་མང་ཚོགས་བློ་ཡིད་འགུག་ཐུབ་པའི་ཁྱད་ཆོས་དང་ཤེས་འཇོན་གཉིས་ལྡན་ཞིག་དགོས་སྐོར། དེ་བཞིན་དུས་དང་རྣམ་པ་ཀུན་ཏུ་སོ་སོའི་ཁོར་ཡུག་ཐོག་དོ་སྣང་གཏིང་ཟབ་ཡོད་པ་ཙམ་དུ་མ་ཟད་ཕ་རོལ་པོར་ལེགས་སྤེལ་ཉེས་འགོག་སྤེལ་ཐབས་ཀྱི་ཆོད་སེམས་འཕར་མ་ཞིག་དགོས་ཐོག་གཞན་ཡིད་དབང་འཕྲོག་པའི་བྱ་སྤྱོད་བཟང་པོ་ཞིག་དགོས་རྒྱུ་དང་། ལས་གཞི་འདིས་གཉིས་ཕན་ཐོག་བསམ་ཚུལ་བརྗེ་ལེན། དམིགས་པར་འོས་པའི་ཁོར་ཡུག་གི་ལས་དོན་པ་ཞིག་གི་ཆེད་ཡིན་སྐོར་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་གཏམ་བཤད་སྤེལ་རྗེས་དྲི་བ་བཏང་བར་ལན་འདེབས་ཀྱང་གནང་བ་བཅས་ཀྱི་གནས་བསྡུས་སུ།།