༢༠༠༩ ཕྱི་ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཨ་རིའི་གྲོང་ཁྱེར་བོ་སེ་ཊོན་ནང་རྟེན་གཞི་བྱས་པའི་ཧར་ཝར་ཌེ་མཐོ་རིམ་སློབ་གཉེར་ཁང་གི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདས་གྲོངས་སུ་གྱུར་བའི་དགེ་སློབ་རྣམས་ཀྱི་དྲན་རྟེན་ཆེད་དུ་བཞེངས་པའི་ཡེ་ཤུའི་དྲན་རྟེན་ལྷ་ཁང་(Harvard University’s Memorial Church)དུ་སེམས་ཀྱི་སློབ་གསོ་ (Educating the Heart) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད།
དེ་ཡང་ཐེངས་འདིའི་མཛད་སྒོའི་ཐོག་མར་ཁུལ་དེར་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་གཟིགས་འབུལ་ཞུས་པ་དང་སྦྲགས་མཁས་དབང་སྐུ་ཞབས་ཝི་ལིམ་ཨའ་ག་ར་ཧམ་(Prof. William A. Graham, Dean of the Faculty of Divinity)ནས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
མཁས་དབང་ལྕམ་སྐུ་ཀཱ་ཐ་ལིན་མེཀ་ཁར་ཊེ་ནིའི་(Prof. Kathleen McCartney, Dean of the Faculty of Education)ནས་མཛད་སྒོ་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་སྒྱུར་བསྐྱངས་པར་ཧར་ཝར་ཌེའི་དགེ་སློབ་ཚང་མ་དགའ་སྤོབས་སྐྱེས་བཞིན་མགོན་པོ་གང་ཉིད་ཀྱི་གསུང་ཐོས་རྒྱུར་ངང་བསྒུགས་བྱས་ནས་བསྡད་ཡོད། ཅེས་དང་ཡང་ཁོང་གིས། ༸གོང་ས་མཆོག་ནི་ནང་པའི་དབུ་ཁྲིད་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། ནང་པའི་སྤྱི་ཚོགས་ལས་བརྒལ་ཏེ་འཛམ་གླིང་འདིའི་སྟེང་བཟང་སྤྱོད་ཁྱབ་སྤེལ་མཛད་མཁན་གྱི་དབུ་ཁྲིད་གཅིག་ཡིན་པར་ཁོང་གིས་གུས་བཀུར་ཞུ་གི་ཡོད། ཅེས་གསུངས་ཡོད་ཅིང་། ལྷག་པར་དུ་ཁོང་གིས། ༸གོང་ས་མཆོག་ནས་མུ་མཐུད་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་སེལ་ཐབས་གནང་བཞིན་པའི་ཐུགས་སྟོབས་དང་སྐུའི་བཟོད་བསྲན་ལ་རྗེས་སུ་ཡི་རང་དང་གུས་བཀུར་ཞུ་བཞིན་ཡོད། ཅེས་སོགས་ཞུས་ཡོད།
ཐེངས་འདིའི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། འགྲོ་བ་མིའི་རིགས་ཚང་མར་ཕྱི་ཕྱོགས་ནས་བལྟས་པ་ཡིན་ན་མདོག་དང་། རིགས། ཆོས་ལུགས། རྒྱལ་ཁབ་བཅས་ཀྱི་ཐོག་ནས་ཁྱད་པར་ཡོད་རུང་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མིའི་འོས་འགན་ཤེས་པའི་ཐོག་ནས་བྱམས་བརྩེ་དང་བཟོད་བསྲན་དགོས་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་བཀའ་སློབ་ཟབ་མོ་ཕེབས་ཡོད།
སློབ་གཉེར་ཁང་དེས་མགོན་པོ་གང་ཉིད་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཞུ་བ་མཚོན་ཆེད་དྲན་རྟེན་ལྷ་ཁང་དེའི་མདུན་དུ་ལྗོན་ཤིང་འདེབས་འཛུགས་གནང་རྒྱུའི་མཛད་འཆར་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལྗོན་ཤིང་འདེབས་འཛུགས་གནང་སྐབས་ཧར་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཤར་ནུབ་གཉིས་དབར་འབྲེལ་ལམ་ཟབ་མོ་བཙུགས་གནང་བ་བཞིན་ལྗོན་ཤིང་དེ་ཡང་ཨེ་ཤི་ཡ་དང་ཨ་རི་གཉིས་མཉམ་འབྲེལ་ཐོག་བཏབ་གནང་བའི་ལྗོན་ཤིང་ཞིག་ཡིན་པ་དང་། དེས་སྤྱི་ཚོགས་ཁྲོད་སེམས་པ་གུ་ཡངས་དང་མཉམ་འཛོམས་མཚོན་ཐུབ་ཀྱི་རེད། ཅེས་དང་། ཡང་ཁོང་གིས། བོད་མིའི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་ནས་ཧར་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་སེམས་ཀྱི་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་སྩལ་ཆེད་ཆིབས་སྒྱུར་མ་བསྐྱང་གོང་ཚོགས་ཁང་དེའི་གཡས་གཡོན་གང་སར་ཤེས་ལྡན་པ་མང་པོ་ཞིག་མཇལ་རྒྱུ་འདུག ཅེས་སོགས་གསུངས་ཡོད།
མགོན་པོ་གང་ཉིད་ནས་ལྗོན་ཤིང་འདེབས་འཛུགས་ཀྱི་མཛད་སྒོར་བཀའ་སློབ་སྩལ་དོན། ཐེངས་འདིའི་ལྗོན་ཤིང་འདེབས་འཛུགས་གནང་རྒྱུ་དེ་མགོན་པོ་གང་ཉིད་དང་ཧར་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་རྣམ་གཉིས་སྐུ་ཚེ་མ་ཟིན་པའི་རྗེས་སུའང་མི་ཐོག་ནས་མི་ཐོག་བརྒྱུད་དེ་རྗེས་དྲན་བྱེད་རྒྱུ་ཡོད་པ་དང་། དེས་གཅིག་ལ་གཅིག་བརྟེན་མཚོན་གྱི་ཡོད་པ་མ་ཟད་རང་བྱུང་ཁོར་ཡུག་ལའང་ངེས་པ་ཡོད་པ་མཚོན་གྱི་རེད། ཅེས་བཀའ་སྩལ་ཡོད།
ཐེངས་འདིའི་སེམས་ཀྱི་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གྱི་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་དེའི་དགེ་རྒན་ཆེན་མོ་བ་གྲངས་ ༩༠༠ ཙམ་དང་རྒྱན་ཤོག་ལམ་ནས་འདེམས་སྒྲུག་བྱས་པའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༨༠༠༠ ཙམ་བཅར་ཡོད་པ་རེད།
དེ་རྗེས་མགོན་པོ་གང་ཉིད་ཧར་ཝར་ཌེའི་སྐུ་མགྲོན་གཙོ་བོ་ཁག་ཕེབས་སའི་ཚོགས་ཁང་ཞིག་ཏུ་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ལྗགས་སྨིན་མཛད་སྐབས་༸གོང་ས་མཆོག་ནས་ད་བར་འཛམ་གླིང་ནང་རྩོད་རྙོག་དང་འཁྲུག་འཛིང་སེལ་ཆེད་སྐུ་ལས་ཚད་མེད་སྐྱོན་གནང་མཛད་པ་དང་མ་འོངས་པའི་གཞོན་སྐྱེས་ཚོར་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན་ཡོང་སླད་སྐུལ་སློང་སྤེལ་བ་སོགས་རླབས་ཆེན་གྱི་མཛད་རྗེས་ལ་སློབ་གཉེར་ཁང་སྤྱི་ཡོངས་ནས་ཆེ་བསྟོད་ཞུ་ཆེད་དམིགས་བསལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།