༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཨ་རིའི་མངའ་སྡེ་ཁལ་ལི་ཕོ་ནི་ཡའི་གྲོང་ཁྱེར་སན་ཊ་བར་བྷ་ར་(Santa Barbara)གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་མང་ཚོགས་སྟོང་ཚོ་བརྒལ་བར་སེམས་ཀྱི་རང་བཞིན་དང་ང་ཚོའི་དུས་ཚོད་ཀྱི་ལྟ་གྲུབ་”Nature of Mind and Ethics for Our Time”ཅེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་ཕེབས་ཡོད། བཀའ་སློབ་དེའི་ནང་མགོན་པོ་གང་ཉིད་ནས། སྔ་ལོ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་མཆོག་དགོངས་པ་རྫོགས་རྗེས་བདུན་ཕྲག་གསུམ་ཐུགས་དམ་བཞུགས་པ་སོགས་ལུང་འདྲེན་དང་སྦྲགས་སེམས་ཕྲ་མོ་ངོས་འཛིན་བྱེད་ཕྱོགས་དང་། ས་དགེ་དཀའ་རྙིང་བཅས་ཀྱི་ཆོས་ལུགས་ཁག་གི་མཁས་པ་ཚོའི་སེམས་བསྡུ་ཕྱོགས་སྐོར་རིམ་པས་ངོ་སྤྲོད་གནང་ཡོད། ཡང་ཕྱི་དྲོའི་བཀའ་སློབ་ནང་༸གོང་ས་མཆོག་ནས། མགོན་པོ་གང་ཉིད་ཀྱི་ཡུམ་ཆེན་དམ་པ་ཐུགས་གཤིས་འཇམ་པོ་ཡོད་པ་ལུང་འདྲེན་གནང་བ་དང་འབྲེལ་མི་ཚེའི་ནང་གཙོ་བོ་བྱམས་བརྩེ་ལྡན་པ་ཞིག་དགོས་པ་དང་། དེ་ནི་སེམས་ཅན་ཐམས་ཅད་གཅིག་མཚུངས་ཀྱི་དགོས་མཁོ་ཡིན་སྐོར་བཀའ་སློབ་ཕེབས་ཡོད། ད་དུང་མགོན་པོ་གང་ཉིད་ནས་དུས་རབས་ཉི་ཤུ་པ་དེ་ནི་དམག་འཁྲུག་ཁོ་ནའི་ནང་རྫོགས་པའི་དུས་རབས་ཤིག་ཡིན་པ་དང་། དུས་རབས་ཉེར་གཅིག་གི་ནང་དུའང་དེ་བཞིན་གྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས་མ་འོངས་པའི་གཞོན་སྐྱེས་ཚོས་དུས་རབས་ཉེར་གཅིག་པ་འདི་བཞིན་གཉིས་ཕན་གྲོས་མོལ་གྱི་ལམ་ནས་དཀའ་གནད་སེལ་རྒྱུར་འབད་རྩོལ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ཟབ་མོ་ཕེབས་ཡོད།
སྔ་དགོང་གཉིས་ཀྱི་མཛད་འཆར་ཁག་གིི་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་མཛད་ཡོད། གསར་འགོད་ལྷན་ཚོགས་དེར་ཕེབས་པའི་རྒྱལ་སྤྱིའི་གསར་འགོད་པའི་དྲི་བ་ཁག་གཅིག་ལ་བཀའ་ལན་གནང་དོན། སྔ་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་ཞི་རྒོལ་ལ་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་ཐེངས་མང་བཀག་འགོག་བྱས་ཡོད་རུང་། ཕྱི་ཟླ་ ༣ ཚེས་ ༡༤ ཉིན་བདེ་འཇགས་མི་སྣས་བཀག་འགོད་བྱ་རྒྱུའི་ཚབ་ཏུ་དཔར་ལེན་བྱེད་ཀྱི་ཡོད་སྐོར་མགོན་པོ་གང་ཉིད་ལ་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་སྙན་སྒྲོན་ཞུས་པ་ལུང་འདྲེན་མཛད་པ་དང་། ཡང་ལྷ་སའི་ས་གནས་བོད་མི་ཚོས། ཕྱི་ཟླ་ ༣ ་ཚེས་ ༡༤ ཉིན་གྱི་དོན་རྐྱེན་མ་བྱུང་བའི་ཉིན་ཤས་སྔོན་ཕྱི་ཕྱོགས་ནས་མི་སྣ་མང་པོ་ཞིག་གསར་དུ་འབྱོར་ནས་ཟིང་འཁྲུག་བླངས་པ་ཡིན་སྐོར་སྙན་སེང་ཞུས་སྐོར་ལུང་འདྲེན་གནང་བ་དང་སྦྲགས་དེ་དག་ལ་གཞིགས་ན་ད་ལྟའི་སྲོག་ཐོག་གི་ཉེས་ཆད་རྣམས་དྲང་བདེན་གྱི་ཁྲིམས་ཐག་ཅིག་མིན་པ་དང་། དེའི་ཐད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་དགོས་པ། ཞིབ་འཇུག་བྱས་རྗེས་ནག་ཉེས་དངོས་སུ་ཡོད་ན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཐག་གཅོད་དགོས་ཀྱི་རེད། ཅེས་དང་ལྷག་པར་དུ་མགོན་པོ་གང་ཉིད་ནས་བཀའ་ཕེབས་དོན། དེང་སྐབས་རྒྱ་ནག་གི་བདེ་འཇགས་མི་སྣ་ཟེར་བ་དང་དམག་མི་ཚོས་དེ་སྔོན་བེད་སྤྱོད་བྱེད་མྱོང་མེད་པའི་ལག་ཆ་གསར་པ་བོད་མིའི་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་པའི་ར་འཕྲོད་བྱུང་སྐོར་བཀའ་སྩལ་ཡོད་པ་རེད། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཁག་གཅིག་གིས་༸གོང་ས་སྐུ་ཕྲེང་བཅོ་ལྔ་པའི་སྐོར་དང་རྒྱ་ནག་གཞུང་ནས་པེ་ཅིང་དུ་དྲིལ་བསྒྲགས་བྱེད་བཞིན་ཡོད་པའི་འགྲེམས་སྟོན་ཁང་ཞིག་ཏུ་ཡང་སྲིད་ངོས་འཛིན་ཞུ་བྱེད་ཀྱི་བུམ་པ་རེད། ཅེས་པའི་ཐོག་ལ་བཀའ་དྲི་ཞུས་པར་བཀའ་ལན་གནང་དོན། ད་བར་ཡང་སྲིད་ངོས་འཛིན་ཞུ་སྐབས་བུམ་པ་བེད་སྤྱོད་བྱས་པ་ཐེངས་ཁ་ཤས་བྱུང་མྱོང་ཡོད་རུང་དེ་དག་ནི་བོད་མིའི་ནང་མི་མཐུན་པའི་ཆ་བྱུང་བའི་རྐྱེན་གྱི་ཡིན་པ་ལས། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་སྲོལ་རང་མིན་ལུགས་བཀའ་གནང་བ་དང་། ༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་མཆོག་ཕེབས་མི་ཕེབས་དེ་ཡང་བོད་མི་མང་གི་འདམ་ག་ཞིག་ཡིན་སྐོར། ལྷག་དོན་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཁག་གཅིག་ཡོད་པ་རྣམས་ངོ་སྤྲོད་མཛད་ཡོད། ཡང་མགོན་གང་ཉིད་ཀྱིས། དེང་སྐབས་འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པ་དེ་ཡང་མི་དགེ་བའི་ལས་ལ་སྤྱོད་པའི་ཉེར་ལེན་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པའི་དུས་དེར་བདེ་སྐྱིད་བསྐྲུན་མཁན་གཙོ་བོ་ནི་དཔལ་འབྱོར་མིན་པ་ངོས་འཛིན་ཡོང་རྒྱུའི་གོ་སྐབས་གཙོ་བོ་དེ་ཡིན་སྐོར་བཀའ་སློབ་ཟབ་མོ་ཕེབས་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདི་ནི་སན་ཊ་བར་བྷ་ར་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་བསྐྱངས་ཐེངས་བཞི་པ་དེ་ཡིན་ལ། མགོན་པོ་གང་ཉིད་ནས་ཁུལ་དེར་༸ཞབས་ཀྱི་བཅགས་རྒྱུ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་། ཞེས་དང་སློབ་གཉེར་ཁང་དེར་བོད་ཡིག་དང་ནང་ཆོས་སློབ་ཁྲིད་གནང་གི་ཡོད་པར་བསྔགས་བརྗོད་ཀྱང་མཛད་གནང་ཡོད་པ་རེད།།