༢༠༡༢ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྡི་ལི་བསམ་ཡས་གླིང་འགོ་དམངས་ཡོངས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༦ ཉིན་ལྡི་ལིར་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་འགོ་བཙུགས་ནས་མི་ལོ་ ༥༠ འཁོར་བ་དང་ལྷག་པར་བོད་སྒར་བསམ་ཡས་གླིང་གཞིས་སྒར་དེ་བཞིན་རྒྱ་གར་གཞུང་ཕྱོགས་ནས་ཁྲིམས་མཐུན་གཏན་ཆགས་ཀྱི་གཞིས་སྒར་དུ་ངོས་འཛིན་གནང་བའི་དགའ་སྟོན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པར་འཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན། འདི་གར་ང་ཚོ་བོད་མིའི་གཞིས་ཆགས་ཤིག་ཁུངས་འཁྱོལ་ལ་མི་འཁྱོལ་ཐོག་ནས་མི་ལོ་ ༥༠ ཕྱིན་པ་རེད། དེ་རིང་འདིར་ལོ་ ༥༠ ཕྱིན་པའི་དུས་དྲན་དང་འབྱུང་འགྱུར་གནས་སྟངས་ཀྱང་གང་ཙམ་ཡག་པོ་ཆགས་ཀྱི་ཡོད་པའི་དུས་ཚོད་འདིར་ང་ཚོ་མཉམ་དུ་ཐུག་ནས་འདི་གར་སྐུ་མགྲོན་རྣམ་པ་དམིགས་བསལ་ཕེབས་ཏེ་འདུ་འཛོམས་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། དང་ཐོག་ས་གནས་འདིའི་མི་མང་སེར་སྐྱ་རྒན་བྱིས་གཞོན་གསུམ་ཚང་མར་འཚམས་འདྲི་ཡོད། དེ་ནས་མཛད་སྒོའི་ཐོག་ཆེད་མངགས་དངོས་སུ་ཕེབས་མཁན་དང། དེ་བཞིན་འདི་གར་དངོས་སུ་ཕེབས་མ་ཐུབ་ཀྱང་ཕེབས་རྒྱུའི་འདུན་པ་བཏང་སྟེ་ཕེབས་འདོད་ཡོད་པ་དང་ཕེབས་རྒྱུའི་ཞལ་བཞེས་གནང་བའི་འདི་གའི་སྤྱི་ཁྱབ་ལྕམ་སྐུ་མཆོག་སྔོན་མ་ནས་ངོ་ཤེས་ཀྱི་ཡོད། ཁོང་རང་མཛད་བྲེལ་གྱི་རྐྱེན་པས་དེ་རིང་འདི་གར་དངོས་སུ་ཕེབས་ཐུབ་མེད་ཀྱང་འདུན་པ་འདི་གར་བཏང་ཡོད་པར་བརྟེན་ཐུགས་རྗེ་ཆེ་ཞུ་གི་ཡིན།
དེ་བཞིན་ང་ཚོའི་གྲོགས་པོ་ཌོག་ཊར་ཨ་ཌི་ཝ་ནི་ཐོག་མར་ཕེབས་རྒྱུའི་ཞལ་བཞེས་བྱུང་བ་རེད། འོན་ཀྱང་འདི་གར་དངོས་སུ་ཕེབས་མི་ཐུབ་ཀྱང་སེམས་ཁུར་བཞེས་ཏེ་ཕེབས་རྒྱུ་འདུན་པ་ཡོད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་བཅུ་དྲུག་ལ་སླེབས་སྐབས་འགན་ཁུར་བླངས་ཏེ་རང་ལོ་བདུན་ཅུ་དོན་དྲུག་བར་འགན་ཁྱེར་བ་ཡིན། དེའི་རིང་ལ་ཧུར་ཐག་འབད་ཐག་བྱས་པ་ཡིན་པས་འགྱོད་པ་རྩ་བ་ནས་མེད། བསམ་བློ་རྒྱ་ཆེ་དང་ཕུགས་རྒྱང་རིང་ས་ནས་བཏང་སྟེ་ཐབས་ཤེས་གང་ཡོད་བྱས་པ་ཡིན་འགྱོད་པ་རྩ་བ་ནས་མེད། འོན་ཀྱང་ངོས་རང་ནམ་འཚོའི་བར་དུ་ཕྱོགས་གཅིག་ནས་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ལ་དཀའ་ངལ་ཉུང་དུ་དང་བདེ་སྐྱིད་ཡོང་ཐུབས་ཞུ་རྒྱུ་དང་། དེ་བཞིན་མིས་བཟོས་པའི་དཀའ་ངལ་དེ་ཡང་མིས་བསམ་བློ་གཏོང་སྟངས་མ་འགྲིགས་པའི་དབང་གིས་བཟོས་པ་ཞིག་རེད། ཕྱོགས་ཡོངས་མ་མཐོང་བར་སོ་སོ་ཁེར་རྐྱང་དང་བསམ་བློ་རྒྱ་ཆེན་པོ་གཏོང་མི་ཐུབ་པར་འཕྲལ་སེལ་སོ་སོའི་འདོད་དབང་ཐོག་ཕྱིན་ནས་སྐྱོན་ལྷག་ཡོད་པ་ཧ་ཅང་གསལ་པོ་རེད།
དེ་བཞིན་རིམ་པ་དང་པོ། ངོས་རང་མི་ཞིག་ཡིན་པའི་ཆ་ནས་མི་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཡོང་རྒྱུའི་རྩ་བ་སེམས་ལ་ཐུག་ཡོད། སོ་སོའི་བསམ་བློ་གཏོང་སྟངས་དེ་རང་རྒྱལ་གཞན་ཕམ་བསམ་བློ་བཏང་ན་སྐྱིད་པ་ཡོང་རྒྱུ་མེད། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་རེ་དོགས་ལུ་གུ་བརྒྱུད་སྐྱིད་པ་གང་ཡང་ཡོང་གི་མ་རེད། རིམ་པ་གཉིས་པ་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་བཟོ་རྒྱུ་དེ་ཡིན། འཛམ་གླིང་འདིའི་སྟེང་རྙོག་གྲ་བཟོ་རྒྱུའི་རྒྱུ་རྐྱེན་མང་པོ་ཡོད། དཔལ་འབྱོར་དང་ཆབ་སྲིད་ཀྱི་རྙོག་གྲ་ཆགས་ཡོད་པ་དེ་དག་ཆོས་ལུགས་ཐོག་ནས་ཕྲན་བུ་སེལ་ཐུབ་རྒྱུ་དང་ཉུང་དུ་གཏོང་རྒྱུ་ཞིག་བྱེད་དགོས་པ་རེད། འོན་ཀྱང་ཆོས་ལུགས་མི་འདྲ་དེ་དག་འཐེན་འཁྱེར་དང་འཁྲུག་པ་རྒྱག་རྒྱུ་ཆགས་སྐབས་ཧ་ལས་པའི་ཐབས་སྐྱོ་པོ་རེད། ནད་གཞི་དྲག་ན་བསམས་ནས་སྨན་ཟ་གི་ཡོད། སྨན་གྱིས་ན་ཚ་སྣོན་མ་བཟོས་ན་ཆོ་མི་འདུག དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཐོག་ངོས་ཀྱིས་འབད་བརྩོན་གཙོ་བོ་བྱེད་ཀྱི་ཡོད། དེ་གཉིས་ངོས་རང་མ་འཆི་བར་དུ་བྱེད་ཀྱི་རེད། ནང་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཚན་རིག་སྐོར་དེ་འཛམ་གླིང་ཀུན་ལ་ཁྱབ་རྒྱུ་ཞིག་རེད། ལྟ་གྲུབ་དེ་(Holistic View)ཡོང་རྒྱུར་རྟེན་འབྱུང་གི་ལྟ་བ་དེ་ཧ་ལས་པའི་འབྲེལ་བ་འདུག དེ་དག་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་སྟབས། ངོས་ཀྱིས་འཛམ་གླིང་གི་གཅེས་ནོར་རེད། ཅེས་བརྗོད་ཀྱི་ཡོད། བོད་ཀྱི་ཆོས་རྒྱལ་ཚོས་དེ་དག་ལ་དོ་སྣང་བྱུང་སྟེ་རྒྱ་གར་ན་ལེནྡྲའི་མཁས་པ་བོད་ལ་གདན་ཞུས་གནང་ནས་བོད་དུ་སངས་རྒྱས་ཆོས་ན་ལེནྡྲའི་ཆོས་བརྒྱུད་དེ་བཙུགས་འདུག
ད་ལྟ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་གནང་བའི་ཐོག་ལེནྡྲའི་མཁས་པ་གཙོ་བོར་གྱུར་བའི་རྒྱ་གར་གྱི་མཁས་པ་ཚོས་བརྩམས་པའི་གཞུང་དེ་དག་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ང་ཚོའི་ཕ་མེས་ཀྱི་གཅེས་ནོར་རེད། བཀའ་འགྱུར་བསྟན་འགྱུར་དེ་དག་སྨོན་ལམ་རྒྱག་རྒྱུར་བཞག་ན་ནོར་འཁྲུལ་རེད། དེ་དག་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་སྟེ་སློབ་སྦྱོང་བྱེད་དགོས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ནའང། གང་ལྟར་མི་རིགས་ཀྱི་ལྟ་བ་ཞེས་པ་དེ་བྱབ་ཆུང་གི་ལྟ་བ་འཁྱེར་ན་ནོར་འཁྲུལ་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་མི་རིགས་ཀྱི་ཞེན་ཁོག་དང་མི་རིགས་ཀྱི་སྤོབས་སེམས་འཁྱེར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཐ་སྙད་ནང་ང་རྒྱལ་དང་སྤོབས་པ་ཁག་ཁག་རེད། ང་དང་ང་ཚོ་ཧ་ལས་པ་ཡིན་ཞེས་པ་དེ་ང་རྒྱལ་རེད། དེར་སྐྱོན་ཡོད་པར་བརྟེན་མིར་མཐོང་ཆུང་བྱེད་ཀྱི་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་ངས་ཐུབ་པ་དང་ནུས་ཞེས་པ་དེ་སྤོབས་པ་ཡིན་པས་དགོས་ངེས་ཤིག་ཆགས་ཡོད། སྤོབས་པ་ཡོང་རྒྱུར་རྒྱུ་མཚན་ཤེས་དགོས། དངོས་པོ་ཡར་རྒྱས་ཐོག་ང་ཚོ་བོད་པས་ཁབ་དང་གཟེར་མ་ཞིག་ཀྱང་བཟོ་ཤེས་ཀྱི་མེད། བསམ་བློའི་སྐོར་དཔེ་ཆའི་ནང་ཡོད་པ་དེར་སློབ་སྦྱོང་བྱས་ཡོད་པ་དེ་འཛམ་གླིང་སུ་གཅིིག་ལ་སྨོན་མི་དགོས་པ་ཞིག་རེད། ངོས་ཀྱིས་རྒྱ་གར་བ་ཚོར་རྟག་པར་ཁྱེད་རང་ཚོ་ང་ཚོའི་གུ་རུ་ཇི་རེད། ཅེས་བརྗོད་ཀྱི་ཡོད། གུ་རུ་ཇིས་སོ་སོའི་གཅེས་ནོར་དེ་དག་གང་ཙམ་ལྷོད་གཡེང་ཕྱིན་ནས་དེ་ཙམ་གསལ་པོ་མེད། དེར་བརྟེན་ངོས་ཀྱིས་རྩེད་མོ་བརྩེས་ནས་རྒྱ་གར་གྱི་གྲོགས་པོ་ཚོ་ཆོས་ལ་དད་པ་ཡོད་པ་དང་ལེགས་སྦྱར་ཤོ་ལོ་ཀ་བཏོན་པ་དང་ཆབས་ཅིག་སྤོས་སྤར་ཏེ་མེ་ཏོག་ཕུལ་གྱི་ཡོད། ལེགས་སྦྱར་འདོན་གྱི་ཡོད་ཀྱང་དོན་དག་ཤེས་ཀྱི་མེད།
ང་ཚོ་བོད་པ་མང་དག་ཅིག་གིས་འདོན་པ་འདོན་གྱི་ཡོད་ཀྱང་དོན་དག་མ་ཤེས་མཁན་མང་པོ་འདུག དེར་བརྟེན་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་རིག་གཞུང་ཞེས་བརྗོད་ན་སངས་པའི་ཆོས་དང་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་ཆགས་ཡོད། དེར་བརྟེན་བོད་ཀྱི་རིག་གཞུང་བདག་པོ་རྒྱོབས་ཞེས་པ་དེ་ལྷ་མོ་དང་བཀྲིས་ཞོལ་པ་འཁྲབ་རྒྱུ་དེ་རིག་གཞུང་ཁོ་ན་མ་རེད། ང་ཚོ་བོད་ཀྱི་རིག་གཞུང་དེ་བསམ་བློའི་ནང་གཏིང་རིང་པོ་ཞིག་གི་རིག་གཞུང་རེད་མ་གཏོགས། དེ་ལྟ་བུའི་ཞབས་བྲོ་དང་འབག་འདྲ་མིན་གྱོན་པ་དེས་རིག་གཞུང་དང་སངས་རྒྱས་ཀྱི་ཆོས་ངོས་འཛིན་གྱི་མེད། ཞབས་བྲོ་འཁྲབ་རྒྱུ་དེ་དག་རིག་གཞུང་གི་ཆ་ཤས་ཤིག་རེད་ཀྱང་གཙོོ་བོ་མིན། གཙོ་བོ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེའི་ནང་བཤད་ཡོད་པ་དེ་ང་ཚོས་རྡོག་སྒྲུག་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལོ་གཅིག་གི་གོང་ནས་ང་ཚོས་འགོ་ཞིག་བཙུགས་ཡོད། ནམ་རྒྱུན་ང་ཚོས་བཀའ་འགྱུར་བསྟན་འགྱུར་བྱས་ཏེ་དཀྱུས་གཅིག་སྡོད་ཀྱི་ཡོད། བཀའ་འགྱུར་བསྟན་འགྱུར་ནང་ནས་ཚན་རིག་སེམས་ཁམས་རིག་པ་དང་དངོས་ཁམས་རིག་པའི་སྐོར་ཡོད་པ་དེ་དག་སྡེ་ཚན་གཅིག་ཏུ་ཕྱེ། དེ་ནས་ལྟ་གྲུབ་སྐོར་སྡེ་ཚན་གཅིག་ཏུ་ཕྱེ། ལྷག་འཕྲོས་དེ་དག་ནང་ཆོས་རང་ཆགས་ཡོད། དེ་ལྟར་བྱས་ནས་དུམ་བུ་གསུམ་བཟོས་ན་ཞེས་པའི་ལས་འགོ་བཙུགས་ཟིན་པས་རིམ་བཞིན་དཔེ་ཆ་འཐོན་ཡོང་གི་རེད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག ཧིན་རྡིའི་ནང་བསྒྱུར་རྣམས་རིམ་བཞིན་བྱེད་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་བཀའ་སློབ་སྩལ་ཡོད། །