ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཁམས་དཀར་མཛེས་རྫོང་ཁོངས་ཀྱི་ཞིང་པ་ཚོས་ས་ཞིང་འདེབས་ལས་མི་བྱེད་པར་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག གནད་དོན་གྱི་རྐྱེན་པས་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་དཀར་མཛེས་རྫོང་ཁོངས་ཀྱི་མང་ཚོགས་དང་ལས་བྱེད་ཚོགས་འདུ་ཚོགས་ནས་ས་ཞིང་མ་རྨོ་མཁན་གྱི་ས་ཞིང་གཞུང་བཞེས་གཏོང་རྒྱུ་དང་། ཁྱིམ་བདག་བཙོན་འཇུག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ལྷག་པར་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་ཕྱེད་ཡོད་ ༣ གཡས་གཡོན་དུ་དཀར་མཛེས་རྫོང་ལྷོ་པ་ཤང་ཕུག་ཡིས་ནང་རྩེག་ལེག་གྲོང་ནས་ཡིན་པ་རྩིས་ཚང་དགོན་གྱི་གྲྭ་བྱམས་པ་དོན་གྲུབ་རང་ལོ་ ༢༧ ལ་སོན་པ་ཞིག་རྫོང་སྤྱི་བདེ་ཉེན་རྟོག་པས་ས་ཞིང་འདེབས་ལས་མི་བྱེད་པར་ངོ་རྒོལ་བྱས་པའི་ལས་འགུལ་དང་འབྲེལ་བ་ཡོད་པར་བསྙད་དེ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
གྲྭ་བྱམས་པ་དོན་གྲུབ་ཀྱི་ཁྱིམ་ཚང་ལ་མཚོན་ན་གཅེན་པོ་བཀྲ་ཤིས་རྣམ་རྒྱལ་སྔ་ལོ་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གསེར་རྟ་རྫོང་ཁོངས་སུ་བོད་ཀྱི་རྒྱལ་དར་ཁྱེར་སྟེ་ངོ་རྒོལ་བྱས་རྐྱེན་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་བརྡ་བཏང་རྗེས་བྲོས་འབྱོལ་དུ་འགྲོ་དགོས་བྱུང་བ་དང་། གཅེན་མོ་ལྷ་དགའ་ནི་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་ཞིག་ཡིན་ཞིང་སྔ་ལོ་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གྱི་ཞི་རྒོལ་ནང་བཞུགས་ཏེ་བཙོན་འཇུག་བྱས་རྗེས་གནས་སྐབས་གློད་དཀྲོལ་བཏང་ཡོད་ཀྱང་། བདུན་རེའི་མཚམས་རྫོང་སྤྱི་བདེ་ཚན་པར་ཐོ་འགོད་བྱེད་པར་འགྲོ་དགོས་ཀྱི་ཡོད་པ་དང་། ཁྱིམ་དུ་མ་རྒན་ཞིག་དང་བཀྲ་ཤིས་རྣམ་རྒྱལ་གྱི་བཟའ་ཟླ། ཁོང་གཉིས་ཀྱི་ཕྲུ་གུ་ཆུང་ཆུང་གཉིས་བཅས་ལས་མེད་སྟབས་ཞིང་ལས་ཆ་ཚང་བྱེད་ཐུབ་ཐབས་མེད་པའི་གནས་སྟངས་སུ་གྱར་ཡོད།
དཀར་མཛེས་རྫོང་ཕུག་ཡིས་ནང་སོགས་སུ་དེ་ལྟ་བུའི་གནས་ཚུལ་མང་དག་ཐོན་བཞིན་པ་མ་ཟད། ན་གཞོན་མང་ཆེ་བ་ངོ་རྒོལ་ནང་བཞུགས་རྐྱེན་འཛིན་བཟུང་དུ་ཚུད་པར་བརྟེན་སོ་ནམ་ཞིང་ལས་བྱ་རྒྱུར་མིའི་ནུས་ཤུགས་མི་འདང་བའི་དཀའ་ངལ་ཡོད་པར་བརྟེན་མང་ཚོགས་རྣམས་ཞིང་ལས་བྱེད་ཐབས་མེད་པའི་དཀའ་ངལ་འཕྲད་བཞིན་པ་དང་། རྒྱ་གཞུང་ནས་དོན་དངོས་ཀྱི་གནས་ཚུལ་མ་ལྟོས་པར་མ་མཐུད་མང་ཚོགས་ཚོར་ཞིང་ལས་འགོ་ཚུགས་བྱ་དགོས་ཀྱི་བཙན་དཀའ་གཏོང་བཞིན་པར་མང་ཚོགས་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་འདོན་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག