ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༢༧ ཉིན་(བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་)བོད་ནང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་ཨ་མདོ་རྔ་པ་རྫོང་ཁོངས་སུ་ཡོད་པའི་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་པེ་ལགས་ནས་རང་ལུས་ལ་རླངས་སྣུམ་བཤོས་ཏེ་མེ་སྤར་ནས་ཁྲོམ་གཞུང་དུ་ཐོན་ཏེ་བོད་ཀྱི་རྒྱལ་དར་ལག་བྲིས་མ་ཞིག་གི་སྟེང་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་འཕྱར་ཏེ་སྐད་འབོད་བྱས་པའི་གནས་ཚུལ་ཐོན་སྐབས་རྫོང་སྤྱི་བདེ་མི་སྣས་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེ་བཏང་རྗེས་འབར་ཁམས་ས་ཁུལ་དུ་ཡོད་པའི་དམག་མིའི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་དེའི་ཐོག་མའི་ཡོང་རྐྱེན་ནི་དེ་ཉིན་ལོ་ལྟར་རྔ་པའི་དགོན་སྡེ་མང་པོ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་པའི་དུས་ཚིགས་འཁེལ་གྱི་ཡོད་ཀྱང་ཚོགས་བཅུག་མེད་པར་བརྟེན་དེ་ཉིན་དགེ་འདུན་པ་ ༡༠༠༠ ཡས་མས་ཤིག་གིས་དགོན་པའི་འདུ་ཁང་མདུན་ལ་འཛོམས་ནས་སྨོན་ལམ་འཚོགས་དགོས་པའི་རྣམ་འགྱུར་བསྟན་སྐབས། དགོན་པའི་དགེ་བསྐོས་དང་མཁན་པོ། ཆོས་ལུགས་དོ་དམ་ཁང་ཟེར་བའི་འགན་འཛིན་སོགས་ཡོང་སྟེ་དགེ་འདུན་པ་རྣམས་སོ་སོའི་ཤག་ཏུ་ལོག་བཏང་རྗེས་སུ་གནས་ཚུལ་དེ་ཐོན་ཡོད་པ་རེད།
དགེ་འདུན་པ་བཀྲ་པེ་ལགས་ནི་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་དགེ་འདུན་པ་ཡིན་ཞིང་། ད་ལྟ་རང་ལོ་ ༢༥ ནས་ ༣༩ བར་ཡིན་པ་དང་། རྔ་པ་རྫོང་ཁྲིན་ཀན་ཞེས་པ་ནས་ཡིན་པ་རེད།།