༢༠༡༢ ཟླ་ ༡༠ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ལྷན་འབྲེལ་ཡོད་ཟུང་དྲུང་ནོར་བུ་བཀྲ་ཤིས་ལགས་དང་། ལས་དོ་ཚེ་རིང་སྟོབས་རྒྱལ་ལགས་བཅས་རྡ་ས་ནས་ཕེབས་ཐོན་གྱིས་སོ་ལན་བོན་གཞིས་ཌོ་ལན་ཇིར་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དེ་སྔའི་ཁྲིམས་ཞིབ་པ་ཆེ་བ་བྱ་དུར་བཟང་པོ་མཆོག་དང། ས་གནས་འགོ་འཛིན་གཡུང་དྲུང་འཆི་མེད་ལགས། དཔལ་གཤེན་བསྟན་སྨན་རི་གླིང་དགོན་གྱི་ལས་སྣེ་རྣམ་པ། དེ་བཞིན་སློབ་ཕྲུག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆོས་རིག་བཀའ་བློན་མཆོག་ཞྭ་དཀར་གཡུང་དྲུང་བོན་གྱི་སྐྱབས་རྗེ་སྨན་རི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་གྲུབ་བསྟུན། བཀའ་བློན་མཆོག་དང། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག བཤད་སྒྲུབ་སློབ་དཔོན། ས་གནས་འགོ་འཛིན་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་བརྟན་བཞུགས་ཀྱི་ཞལ་འདོན་དབུ་འཛུགས་གནང། དེ་ནས་རྟེན་འབྱུང་གྱི་གསོལ་ཇ་འབྲས་སིལ་ཕུལ་གྲུབ་མཚམས་བཤད་སྒྲུབ་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་ཀྱིས་མཎྜལ་ལྗགས་བཤད་ཀྱི་ཚིག་དང་བསྟུན་ནས་བརྟན་བཞུགས་ཀྱི་ཆོ་ག་ལྟར་མཆོད་རྫས་རྣམས་རིམ་བཞིན་ཕུལ་ཏེ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་གིས་སྐུ་གསུང་ཐུགས་རྟེན་སོགས་རིམ་བཞིན་ཕུལ་ཡོད། དེ་ནས་ན་བཟའ་གོས་དྲུག་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་ཕུལ་གྲུབ་མཚམས་གསོལ་ཇ་གཉིས་པ་ཕེབས་སྐབས། དགེ་འདུན་པ་དང་མི་མང་རྣམས་རིམ་བཞིན་མཇལ་ཁ་ཞུ་མུར་ཞབས་བརྟན་གསོལ་འདེབས་དང་བསྔོ་སྨོན་གསུང་བཞིན་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་གྲུབ་རྗེས་སྤོས་སྣེ་དང་བཅས་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཟིམ་ཆུང་དུ་གདན་འདྲེན་ཞུས་ཡོད། ཕྱི་ཚེས་ ༩ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་བཀའ་བློན་མཆོག་གིས་གཡུང་དྲུང་བོན་གྱི་དཔེ་མཛོད་དང་རིག་གནས་ཁང་། སྔགས་དགོན་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། བོན་ཕྲུག་བདེ་དོན། བཙུན་དགོན། དེ་བཞིན་སྡེ་ཚན་ཁག་སོགས་སུ་གཟིགས་སྐོར་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གིས་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་ཐོན་མཇལ་ཞུས་ཏེ་སོ་ལན་ནས་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་བཅས། །