༢༠༡༢ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྡི་ལིར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དུ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་ཨ་པི་(AP) དང་ཨེ་ཨེན་ཨ་ཡི། (ANI) ཨེན་ཌི་ཊི་ཝི། (NDTV) ཨེ་ཤི་ཡེན་ཨེ་ཇི། (Asian Age) ཧིན་དུ། (Hindu) ཨ་ཡི་ཨེ་ཨེན་ཨེ་སེ། (IANS) པོའི་ནར། (Pioneer) པི་ཊི་ཨ་ཡི། (PTI) རུའི་ཊར་སི། (Reuters) ཊ་ཡིམ་སི་ཨོབ་ཨིན་ཌི་ཡ་ (Times of India) བཅས་ཀྱི་གསར་འགོད་པ་རྣམས་དང་ཐུག་འཕྲད་གནང་ཡོད།
སྐབས་དེར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐོར་དང་བོད་ནང་དུ་གཞིས་ལུས་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་དང་བྱེད་མུས་ཀྱི་ཛ་དྲག་གནས་སྟངས། ཕྱོགས་མཚུངས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྐོར་སོགས་ལ་བགྲོ་གླེང་དང་དྲི་བ་རྣམས་ལ་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འབད་བརྩོན་གནང་བཞིན་ཡོད་སྐོར་ཡང་གསལ་བཤད་གནང་ཡོད།
ཐེངས་འདིར་གོ་སྐབས་བཟུང་སྟེ་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བཙན་བྱོལ་བོད་མི་ཚོའི་ཤེས་ཡོན་དང་སྤྱི་ཚོགས། འཕྲོད་བསྟེན་སོགས་གང་ཅིའི་ཐོག་ནས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེ་དྲན་ཞུས་པ་དང་སྦྲགས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གནང་སྐབས་རྒྱ་དཀར་གཞུང་ནས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་གསར་འགོད་པ་རྣམས་ལ་གསལ་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་ནས་གཞིས་བཞུགས་བོད་མི་རྣམས་ལ་འུ་ཐུག་གི་ལས་འགུལ་དེ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཞུ་མུས་ཡིན་ནའང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་མི་འབྲོག་པ་རྣམས་ལ་བཙན་དབང་གིས་གཞིས་སྤོས་བྱེད་བཅུག་པ་སོགས་ཀྱི་སྲིད་བྱུས་ལས་ཡིན་སྐོར་གསལ་བཤད་ཞིབ་ཕྲ་གནང་ཡོད། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་འགོ་ཁྲིད་གསར་པར་རེ་བ་ཇི་ཙམ་ཡོད་སྐོར་འདྲི་སྐབས། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་འབྱུང་འགྱུར་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་སྐབས་ ༡༨ པའི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་འགོ་ཁྲིད་གསར་པ་ཚོས་ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཛིན་བཞིན་པའི་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་པ་བཅས།།
.