༢༠༡༢ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིར་རྟེན་གཞི་བྱས་པའི་(Syracuse University)སེ་ར་ཁུ་སི་ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༨ ཉིན་ནས་བཟུང་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་གཅིག་ནང་མཛད་འཕྲིན་བསྐྱང་རྒྱུའི་ཐོག་མར་ནིའུ་ཡོཀ་མངའ་སྡེའི་སེ་ར་ཁུ་སི་ཞེས་པའི་ས་གནས་སུ་རྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་དུ་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་གིས་ཞི་བདེའི་གླེང་སྟེགས་ཞེས་པའི་འདུ་འཛོམས་ཀྱི་ཐོག་དབུ་བཞུགས་མཛད་དེ་མང་ཚོགས་ ༢༠༠༠ བརྒལ་བར་ལ་བཀའ་སློབ་སྩལ་དོན། ངོས་རང་འདི་གར་ཡོང་སྟེ་ཁྱེད་རང་ཚོ་དང་ཐུག་བྱུང་བར་ཅ་ཧང་དགའ་པོ་བྱུང། འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་བསྐྲུན་ཆེད་ངག་ནས་གཏམ་བཤད་ཙམ་མ་ཡིན་པར་དངོས་སུ་ཞི་བདེའི་ཆེད་ལས་དོན་བསྒྲུབ་དགོས། ཞི་བདེ་ནི་གནམ་ནས་བབ་ཡོང་རྒྱུ་མེད་ལ་སྨོན་ལམ་བརྒྱབ་པ་གཅིག་པུས་སྒྲུབ་ཐབས་མེད་པར་བརྟེན། དོན་དམ་གྱི་ཞི་བདེ་བསྐྲུན་སླད་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་ལས་དོན་བསྒྲུབ་དགོས། དུས་རབས་ཉེར་གཅིག་འདི་བཞིན་ཞི་བདེའི་དུས་རབས་ཤིག་ཆགས་ཀྱི་ཡོད། ལྷག་པར་གཞོན་སྐྱེས་ཚོས་དུས་རབས་ཉེར་གཅིག་ནང་ཞི་བདེའི་ཆེད་ལས་དོན་བསྒྲུབ་རྒྱུར་འགན་ཁུར་ཆེ་ཙམ་ལེན་དགོས། ངོས་རང་གི་མི་ཚེའི་ནང་གནས་ཚུལ་གསལ་པོ་གང་ཞིག་ཆགས་སོང་ཞེ་ན། དམག་འཁྲུག་ཅེས་པའི་འདུ་ཤེས་འདི་དུས་རབས་ཉི་ཤུ་ཐམ་པའི་འགོ་སྟོད་ལ་རྒྱལ་ཁབ་ཕན་ཚུན་དགྲ་ལྟ༌བུར་བཟུང་སྟེ་དམག་འཁྲུག་རྒྱག་སྐབས། དེ་དུས་ཀྱི་མི་མང་ནས་དམག་རྒྱག་དགོས་དོན་གང་ཡིན་དྲི་བ་ཙམ་ཡང་མ་བཏང་བར་སོ་སོའི་རྒྱལ་ཁབ་ལ་རྒྱལ་ཁབ་གཞན་ནས་དམག་འཁྲུག་རྒྱག་སྐབས་མཉམ་ཞུགས་བྱེད་ཀྱི་ཡོད། ལྷག་པར་མི་མང་གི་སོ་སོའི་རྒྱལ་ཁབ་ཀྱི་དམག་མིར་བསྟོད་བསྔགས་བཏང་སྟེ་སེམས་ཤུགས་སྤར་གྱི་ཡོད། འོན་ཀྱང་ཝི་ཏི་ནམ་གྱི་དམག་འཐབ་རྗེས་མི་མང་ལ་དམག་འཁྲུག་སྐོར་གྱི་གནད་དོན་ཐོག་བསམ་བློ་གཏོང་ཕྱོགས་ལ་ཧ་ལས་པའི་འགྱུར་བ་ཕྱིན་ཡོད། དེང་སྐབས་མི་མང་ཚོས་དམག་འཁྲུག་ག་རེ་བྱས་ནས་རྒྱག་གི་ཡོད་དམ་ཞེས་པའི་དྲི་བ་གཏོང་བཞིན་ཡོད།
དེ་བཞིན་ངོས་རང་ཆུང་དུས་ཁོར་ཡུག་གལ་ཆེན་པོ་ཡིན་པ་ཤེས་རྟོགས་མེད། དུས་རབས་ཉི་ཤུ་མཇུག་སྒྲིལ་ཟིན་རྗེས་མི་མང་དང་འགོ་ཁྲིད་ཚོས་ཀྱང་ཁོར་ཡུག་ཐོག་སྲུང་སྐྱོབ་བྱེད་རྒྱུའི་བསམ་བློ་བཏང་བ་ཙམ་དུ་མ་ཟད། ལས་འགུལ་ཡང་སྤེལ་དང་སྤེལ་མུས་རེད། གཞི་རྩའི་ང་ཚོས་ལོ་སྟོང་ཕྲག་སྔོན་ནས་ལྷ་དང་བླ་མར་གསོལ་བ་བཏབ་སྟེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་སྨོན་ལམ་བརྒྱབ་ནས་རེ་བ་བྱས་ཏེ་བསྡད་པ་རེད། དེ་རྗེས་རིམ་བཞིན་ལོ་ངོ་ཉིས་བརྒྱའི་སྔོན་ཙམ་ནས་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ཏེ་ཕྱི་དངོས་པོའི་ཡར་རྒྱས་ཀྱིས་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུའི་རེ་བ་བྱས་ཡོད་ཀྱང་ད་ཆ་ཚན་རིག་པ་ཚོས་ཕྱི་དངོས་པོ་ཡར་རྒྱས་ཁོ་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་མེད་པའི་ར་སྤྲོད་བྱུང་ཡོད། བདེ་སྐྱིད་ཀྱི་གཞི་རྩ་གཙོ་བོ་དེ་སེམས་དང་ཚོར་བ་གཉིས་ལ་བརྟེན་ཡོད་པ་རིམ་བཞིན་ཤེས་རྟོགས་ཡོང་གི་ཡོད། ངོས་ཀྱིས་བསམ་པར་ད་ལྟའི་དུས་སྐབས་འདིར་བློ་གྲོས་ལྡན་པའི་མི་མང་ཁག་གཅིག་གིས་དམིགས་བསལ་སེམས་དང་ཚོར་བའི་ཐོག་ལ་དོ་སྣང་བྱེད་བཞིན་འདུག སྤྱིར་བཏང་མི་དེ་དག་གི་གྲས་གྲངས་ཀ་མང་པོ་མིན། འོན་ཀྱང་དེ་ལྟར་བརྗོད་སྐབས་དཔལ་འབྱོར་ཡོད་པའི་མི་ཚང་མ་བློ་གྲོས་ལྡན་པ་རེད་ཅེས་བརྗོད་ཀྱི་མེད། ཉམས་མྱོང་ཐོག་ནས་འབྱོར་ལྡན་ཁག་གཅིག་ལ་ཡང་ཚོར་བ་དེ་ཡོང་གི་ཡོད་པ་འདྲ། ངོས་ཀྱིས་བསམ་པར་དེ་ནི་ད་ལྟའི་དུས་སྐབས་དང་མཐུན་པའི་ཐབས་ལམ་ཡག་ཤོས་རེད་སྙམ་གྱི་འདུག གང་ལ་ཞེ་ན། ང་ཚོའི་ཕྱིའི་གཟུགས་པོ་དང་སེམས་ཚོར་གྱིས་ཉེས་སྐྱོན་ཡོ་བསྲང་བྱེད་ཐུབ་པ་མ་ཟད། ལྷག་པར་དེའི་ནང་ནས་ཀླད་པའི་ཚོར་ཤེས་ལས་སེམས་ཚོར་གལ་ཆེ་བ་ཆགས་ཀྱི་ཡོད། ཀླད་པའི་ཚོར་ཤེས་ཀྱིས་ང་ཚོས་བརྡ་ལན་སྤྲོད་པ་ཙམ་ལས་ཚོར་བ་དངོས་གནས་དེ་སེམས་ཀྱི་ཐོག་ནས་ཡོང་གི་ཡོད།
དཔེར་ན། མི་ཞིག་གི་བསམ་བློ་ཞི་བདེ་དང་བག་ཕེབས་ཐོག་གནས་ཡོད་ན། ཕྱིའི་གཟུགས་པོར་དཀའ་ངལ་འཕྲད་ཀྱང་དཀའ་ངལ་དེ་ཙམ་ཡོང་གི་མེད། ཕྱོགས་གཞན་ཀླད་པའི་ཐོག་ནས་བཤད་ན། དཀའ་ངལ་ཆུང་དུ་འགྲོ་རྒྱུ་དེ་འདྲ་གང་ཡང་ཡོང་གི་མེད། དེར་བརྟེན་ད་ལྟའི་དུས་སྐབས་འདིར་ཕྱིའི་གཟུགས་པོ་དང་ཀླད་པའི་ཚོར་བ་བཅས་ཀྱིས་མིའི་བདེ་སྡུག་ཀྱི་དཀའ་ངལ་ཡོངས་རྫོགས་སེལ་ཐུབ་ཀྱི་མེད་སྟབས། ནང་སེམས་ཀྱི་བསྒྱུར་བཅོས་གཏོང་དགོས་པའི་ར་སྤྲོད་བྱུང་བར༌བརྟེན། ད་ཆ་དུས་དང་མཐུན་པའི་འགྱུར་བ་རང་བཞིན་གྱིས་འགྲོ་གི་ཡོད། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་ཙམ་གྱིས་ནང་སེམས་ལ་ཞི་བདེ་ཡོང་གི་མེད་པ་དེ་མང་ཚོགས་ལ་ཤེས་ཡོན་ཐོག་ནས་གསལ་བཤད་བྱེད་དགོས། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་ཁོ་ནས་ང་ཚོའི་དཀའ་ངལ་སེལ་ཐབས་མེད། ལྷག་པར་འགྲེལ་བཤད་དེ་དག་ལྷ་ཡུལ་དང་ཀླུ་ཡུལ་སོགས་འབྲེལ་བ་མེད་པའི་ཐོག་ནས་གསལ་བཤད་བྱེད་དགོས། དེ་བཞིན་ཁྲིམས་དང་བཀའ་བཏང་བ་ལྟ་བུ་མིན་པར་མང་ཚོགས་ལ་ཤེས་ཡོན་གྱི་ལམ་ལུགས་ནས་ནང་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་བྱེད་དགོས། ཞེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཡོད། ལྷན་ཚོགས་དེའི་ཐོག་ཆེད་ཕེབས་གནང་བའི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་(R.James Woolsey)མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་ (Andre Young )མཆོག ཨི་རན་ནས་ཡིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་(Shirin Ebadi)མཆོག་ཨི་ཇིབ་ནས་ཡིན་པའི་(Mohamed Elbaradei)མཆོག ཨ་རི་ནས་ཡིན་པའི་(Martin Luther King three)མཆོག གསར་འགོད་པ་གྲགས་ཅན་(Irshad Manji)མཆོག རྒྱ་གར་གྱི་གཞས་པ་གྲགས་ཅན་(A.R.Rehman)མཆོག་བཅས་ཀྱིས་བརྗོད་གཞི་དང་འབྲེལ་བའི་ཐོག་རིམ་བཞིན་གསུང་བཤད་གནང་ཡོད། ཕྱི་ཚེས་ ༩ ཉིན་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་ཆིག་སྒྲིལ་གྱི་ཐོག་ནས་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་(COMMON GROUND FOR PEACE)ཞེས་འབོད་པའི་སྙན་གྲགས་ཅན་གྱི་རོལ་གཞས་འདུ་འཛོམས་སུ་ཆིབས་སྒྱུར་བསྐྱངས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཕྱི་ལོ་ ༡༩༧༩ ལོར་ཆིབས་སྒྱུར་ཐོག་པ་བསྐྱངས་ཡོད་པ་བཅས།།