༢༠༡༢ ཟླ་ ༡༠ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་སྲི་ཞུ་བ་དྲུང་འཕར་དང་ཟུང་དྲུང་བཅས་ཁྱོན་མི་གྲངས་ ༢༥ ལ་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་སྣང་གསལ་ཞལ་འབྱེད་གནང་གྲུབ་མཚམས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། འདི་གར་ཕེབས་པའི་རྣམ་པ་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེ་བ་གཉིས་གནང་དགོས་པ་ཆགས་ཡོད། གཅིག་ཆབ་སྲིད་ལས་དོན་བོད་དོན་བདེན་མཐའ་སེལ་ཐབས་དང་། དེ་ཡང་གཞན་དབང་སྟབས་བསྟུན་ཐོག་ནས་རིམ་བཞིན་གོམ་པ་སྤོ་རྒྱུ་ཞིག་ཆགས་ཡོད། གཉིས་པ་བཙན་བྱོལ་བོད་མིའི་བདེ་སྡུག་ལ་ལྟ་རྟོག་གནང་རྒྱུ་དེ་རེད། དེ་ཡང་སྤྱིར་བཏང་གཞན་དབང་སྟབས་བསྟུན་ཡིན་ཡང་རིག་པའི་རྩལ་ང་ཚོས་འདོན་དགོས་པ་རེད། ལས་དོན་ལ་གཞུང་གི་རྣམ་པའི་ཐོག་ནས་བྱེད་ཕྱོགས་གཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ངོས་ནས་བྱེད་ཕྱོགས་ཤིག་ཡོད། ལས་དོན་མང་ཆེ་བ་མི་མང་གི་བདེ་དོན་ལ་ལྟ་རྟོག་གནང་རྒྱུ་ཡིན་སྟབས། འཆར་གཞི་དང་ལྡན་པའི་ཐོག་ནས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལྟ་བུར་བོད་མིའི་བདེ་དོན་ལ་ལྟ་རྟོག་བྱ་རྒྱུའི་ཕུགས་རྒྱང་དམིགས་ཚད་བཟུང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་ནས་དེ་དང་འབྲེལ་བའི་ཟབ་སྦྱོང་རིམ་པ་ཞིག་ཕུལ་འདུག ལྷག་པར་དམིགས་ཚད་དེའི་ནང་སྐབས་དང་དུས་ཀྱི་དགོས་མཁོར་གཞིགས་པའི་ལས་འཆར་དང་འཆར་གཞི་བཀོད་སྟངས་ཐོག་ཟབ་སྦྱོང་རིམ་པ་ཞིག་ཕུལ་འདུག འོན་ཀྱང་ད་ལྟ་དུས་ཚོད་ཀྱི་གནས་སྟངས་དང་འཛམ་གླིང་གི་དཔལ་འབྱོར་གནས་སྟངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་སྟངས་སོགས་དུས་ཀྱི་འགྱུར་འགྲོས་དང་བསྟུན་དགོས་སྟབས། ལས་དོན་གང་ཞིག་ཡིན་རུང་སྔར་སྲོལ་ལྟ༌བུ་མ་ཡིན་པར་དེང་དུས་ཀྱི་བསམ་བློ་དང་མཐུན་པ་མ་ཟད། དགོས་མཁོ་དང་འཚམ་པའི་ལས་དོན་སྤེལ་དགོས་པས། ང་ཚོས་ཆེད་མངགས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། སྤྱིར་བཏང་ང་ཚོའི་འཛིན་སྐྱོང་ལ་ཤོད་སྲོལ་ཡོད། འཆར་གཞི་མེད་པའི་ལས་ཀ་དེ་ལས་ཀ་མ་བྱས་པ་དང་གཅིག་པ་རེད། དེ་བཞིན་ཞིབ་འཇུག་བྱེད་ས་མེད་པའི་ལས་ཀ་དེ་གྲུབ་འབྲས་མ་སོན་པ་དང་གཅིག་པ་རེད། ཅེས་སྐད་ཆ་ཤོད་སྟངས་གཉིས་ཡོད། ང་ཚོས་ལས་དོན་གང་ཞིག་སྤེལ་དགོས་ཀྱི་ཡོད་ཀྱང་སྤྱི་ཡོངས་ཀྱི་དམིགས་ཚད་གསལ་པོ་བཟོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཟབ་སྦྱོང་འདི་གོ་སྒྲིག་ཞུ་སྟངས་གཙོ་བོ་དམིགས་ཡུལ་དེ་ལས་དོན་སྤེལ་སྐབས། ཟླ་བ་དྲུག་གི་ལས་དོན་དང་ལོ་གཅིག་གི་ལས་དོན། ཟླ་བ་གསུམ་གྱི་ལས་དོན་བཅས་ལས་དོན་སྤེལ་སྟངས་གཅིག་ཡོད། ལས་དོན་དེ་དག་གང་སྤེལ་ཡང་མཐའ་མའི་སྒྲུབ་བྱ་འབེན་ལ་ཕོག་པ་ཞིག་དགོས་ཀྱི་ཡོད། མཐའ་མའི་སྒྲུབ་བྱ་གང་ཡིན་པ་ང་ཚོ་ཚང་མས་ཤེས་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ང་ཚོའི་ཟབ་སྦྱོང་ནང་ལས་དོན་གང་ཞིག་བྱ་རྒྱུ་ཡིན། མཐའ་མའི་སྒྲུབ་བྱ་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐོག་ཚང་མས་དགོངས་པ་བཞེས་དགོས། གཉིས་པ་ལས་འཆར་དེ་ཚོའི་ཐོག་སྟངས་འཛིན་དང་འཆར་འགོད་གནང་སྟངས། ལས་འཆར་ལག་བསྟར་གནང་སྐབས་ང་ཚོས་དགོངས་པ་གང་ཞིག་བཞེས་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་ཟབ་སྦྱོང་གནང་རྒྱུ་རེད། ཟབ་སྦྱོང་ལ་མཐུན་འགྱུར་ཞུ་མཁན་སྦེང་ལོར་ནས་མཁས་དབང་གཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཁས་དབང་ཌོཀ་ཊར་དཀོན་མཆོག་ལགས་རྣམ་གཉིས་རེད། ཁོང་རྣམ་པ་ཚོ་རིག་པའི་འགྲོ་སྟངས་ཐོག་ནས་མཁས་པ་ཞིག་ཆགས་ཀྱི་ཡོད།
ང་རང་ཚོ་ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་ཚོ་མཐོང་མྱོང་དང་ལས་དོན་ཐོག་རྒྱུན་རིང་ལས་ཀ་བྱས་པར་བརྟེན་ནས་ལས་མྱོང་གི་ཆ་ནས་མཁས་དབང་ཆགས་ཀྱི་ཡོད། དེར་བརྟེན་ཕན་ཚུན་སྦྱང་བཤད་གནང་བའི་ཐོག་ནས་ག་རེ་ཡིན་མིན་དང་། འདས་པའི་གནས་སྟངས་གང་འདྲ་ཆགས་འདུག མ་འོངས་པའི་གནས་སྟངས་གང་འདྲ་ཆགས་ས་རེད། ད་ནས་བཟུང་སྟེ་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་སྐོར་ལ་དམིགས་ཚད་གང་འདྲ་བཟུང་ཡང་བཟོ་སྟངས་དེའི་རྒྱབ་ལྗོངས་ཀྱི་བསམ་བློ་གང་འདྲ་ཞིག་གཏོང་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་སྦྱང་བཤད་གནང་སྟེ། མཐར་བཀའ་ཤག་ལ་ཐུགས་ཕན་གསོལ་རྒྱུའི་ཡིག་ཆའི་ཟིན་བྲིས་ཤིག་ཡོད། དེའི་ཐོག་རྣམ་པ་ཚོས་སྦྱང་བཤད་གནང་སྟེ་དེ་ཕྲན་བུ་བཟོ་ལྟ་འཐོན་རྒྱུའི་ང་ཚོས་རེ་བ་ཞུ་བཞིན་ཡོད། དེ་བཞིན་ང་ཚོའི་རེ་བར་ཟབ་སྦྱོང་འདི་ནས་སྤྱིར་རྣམ་པ་ཚོ་གཟིགས་རྒྱང་ཆེ་རུ་འགྲོ་རྒྱུ་དང་ཡང་སྒོས་ཟབ་སྦྱོང་གྲུབ་མཚམས་གལ་ཆེ་ཤོས་རྣམ་པ་ཚོས་ལས་ཁུངས་སོ་སོའི་ལས་དོན་ག་རེའི་ཐོག་སྤེལ་ཡང་། འཆར་གཞི་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་གཅིག་མིན་གཅིག་འགྲོ་སོང་གཏོང་རྒྱུ་མེད་ན། ལས་རིམ་མ་དགོས་པ་དེ་འདྲ་གང་ཡང་མིན། ཟབ་སྦྱོང་གྲུབ་མཚམས་དེ་དག་དོན་འཁྱོལ་དང་ལག་བསྟར་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་ཡོད། དེ་ནས་གསོལ་ཇའི་བར་གསེང་གྲུབ་མཚམས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ཕྱི་ཚེས་ ༤ ནས་ ༦ བར་གནང་རྒྱུ་ཡིན་འདུག་པ་བཅས། །