༢༠༡༢ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས་ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ མཇུག་སྡོམ་མཛད་སྒོ་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་ཉིན་བཞིའི་ཚོགས་ཆེན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད། དེ་ཡང་ཐོག་མར་སྲིད་སྐྱོང་མཆོག་གིས་གསུང་དོན།
ང་ཚོ་ཉིན་བཞིའི་རིང་གི་དམིགས་བསལ་ཚོགས་ཆེན་དེ་རིང་མཇུག་སྒྲིལ་བ་རེད། ཚོགས་ཆེན་འདིར་རྒྱལ་ཁབ་ ༢༦ ནས་ཚོགས་བཅར་བ་མཉམ་ཞུགས་གནང་ཡོད། ང་ཚོས་ཉིན་བཞིའི་རིང་བོད་མིའི་སྤྱི་ཚོགས་ནང་ཙམ་མ་ཟད། རྒྱ་གར་དང་ཨེ་ཤི་ཡའི་ས་ཁུལ། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་ལས་འགུལ་སྔར་ལྷག་རྣོ་ངར་ལྡན་པ་ཞིག་ཇི་ལྟར་སྤེལ་ཐུབ་མིན་ཀྱི་ཐབས་ལམ་འདྲ་མིན་ཐོག་གོ་བསྡུར་སྦྱངས་བཤད་མཐིལ་ཕྱིན་པ་བྱུང་ཡོད། ཚོགས་ཆེན་ནང་བྱུང་བའི་དགོངས་འཆར་རྣམས་ལ་འབྱུང་འགྱུར་ལོ་ཟླའི་ནང་རིམ་བཞིན་དགོངས་འཆར་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་ལག་བསྟར་དོན་འཁྱོལ་ཡོང་ཆེད་འབད་བརྩོན་གང་ཡོང་ཞུ་རྒྱུ་དང་། དགོངས་འཆར་ཁག་གཅིག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལག་བསྟར་ཞུ་དགོས་པ། དེ་བཞིན་རིགས་གཅིག་མང་ཚོགས་རང་གིས་འགན་ཁྱེར་ནས་ལག་བསྟར་གནང་དགོས་པ་སོགས་ཡོད། ལས་འགུལ་དེ་དག་བརྒྱུད་བོད་ནང་གི་གཞིས་ལུས་བོད་མི་ཚོའི་དཀའ་ངལ་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་པ་བཟོ་རྒྱུ་དང། ཤེས་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་ཞི་བའི་ཐབས་ལམ་ཐོག་ནས་སེལ་རྒྱུའི་རྒྱབ་སྐྱོར་ཐོབ་ཆེད་འབད་བརྩོན་ཞུ་རྒྱུ་དང། ཐེངས་འདིར་ཚོགས་ཆེན་སྐབས་རང་བཙན་དང་དབུ་མའི་ལམ་གྱི་ཐབས་ལམ་ཐོག་གོ་བསྡུར་བྱུང། སྤྱིར་དམིགས་བསལ་ཚོགས་ཆེན་འདི་འདྲ་ཞིག་ཚོགས་དགོས་པའི་དགོས་དམིགས་གཙོ་བོ་ནི་བཙན་བྱོལ་སྤྱི་ཚོགས་ནང་འཁོད་པའི་བོད་མི་རྣམས་རྡོག་རྩ་ཆིག་སྒྲིལ་ཐོག་ནས་གནས་ཡོད་པ་ཙམ་མ་ཟད། གཞིས་ལུས་སྤུན་ཟླ་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་།
རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དབང་བསྒྱུར་བྱས་པ་ཙམ་མ་ཟད། བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲོད་རྒྱུ་དང། ང་ཚོས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཆོད་སེམས་བརྟན་པོས་ཐོག་ནས་རྒྱབ་སྐྱོར་ཞུ་རྒྱུ་དང། ད་ལྟ་གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་དགོས་པའི་ཛ་དྲག་གི་གནས་སྟངས་འདི་ལྟ་བུ་ཆགས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་འགོ་ཁྲིད་ཚོས་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ང་ཚོས་མཐའ་གཅིག་ཏུ་ངོས་འཛིན་བྱ་རྒྱུ་དང་། བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ནི་ཞི་བའི་ཐོག་གྲོས་མོལ་བྱ་རྒྱུ་དེ་ཡིན། ཞེས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་པའི་གསར་འགོད་པ་རྣམས་ལ་བོད་སྐད་ཐོག་ངོ་སྤྲོད་སྙིང་བསྡུས་ཤིག་གནང་དོན། ཉིན་བཞིའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་ཟིན་པ་རེད། མཇུག་སྡོམ་སྐབས་ཀྱི་རྒྱབ་གཉེར་སྙན་ཐོའི་ནང་དོན་ཚན་ ༣༡ འཁོད་ཡོད། དེའི་ནང་ནས་དོན་ཚན་ ༡༦ ང་ཚོའི་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་ཇི་འདྲ་སྤེལ་དགོས་མིན་དང་འབྲེལ་བ་ཡོད། དེ་ནས་དོན་ཚན་ ༧ རྒྱལ་སྤྱིའི་ནང་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐོག་རེད། དོན་ཚན་ ༨ ཨེ་ཤི་ཡེའི་ནང་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐོག་ཡིན། རྒྱབ་གཉེར་སྙན་ཐོ་དེ་དག་ལག་བསྟར་ཆེད་གོང་དུ་གསུངས་པ་ལྟར་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར་སོ་སོས་ལས་འགུལ་གང་སྤེལ་དགོས་མིན་དབྱེ་འབྱེད་ཐོག་ནས་ལག་བསྟར་ཐུབ་པ་དང་མ་ཐུབ་པ་རྣམས་རྗེས་སུ་རིམ་བཞིན་གསལ་པོ་ཆགས་རྒྱུ་རེད།
དེ་རིང་འདིར་ཚོགས་འདུ་འདིའི་ཐོག་ནས་ང་ཚོས་གྲུབ་འབྲས་གཅིག་ཐོབ་པ་ནི་བོད་མི་ཚོས་བསམ་བློ་གང་བཏང་བ་དང་ཐག་གཅོད་གང་བྱས་པ་དེ་ཕྱི་གསལ་ནང་གསལ་ཐོག་ནས་བྱེད་བཞིན་ཡོད་པ་ཐེངས་འདིའི་ཚོགས་ཆེན་བརྒྱུད་རྒྱ་ནག་ལ་གོ་རྡ་ལན་གསལ་པོ་ཞིག་སྤྲད་ཐུབ་ཡོད། དེ་བཞིན་དེང་སྐབས་བོད་ནང་གཞིས་ལུས་བོད་མི་རྣམས་ཛ་དྲག་གནས་སྟངས་འོག་གནས་བཞིན་པ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་གསལ་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ལྔ་བཅུ་དྲུག་ཅུའི་རིང་ནས་ད་བར་བོད་ནང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་དེ་དག་དང་། ལྷག་པར་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་དེའི་ཐོག་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུའི་ཚབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་ལ་བརྒྱུད་བསྐུལ་མཛད་བཞིན་ཡོད་པའི་ཉེས་མེད་ཉེས་འཛུགས་ཀྱི་བསྙད་འདོགས་བྱེད་བཞིན་པ་རྣམས་གཞི་མེད་སྐྱོན་བརྗོད་ཁོ་ན་ཡིན་པ་སོགས་གནད་དོན་དེ་དག་གཙོ་བོར་གྱུར་བའི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་དགོངས་ཚུལ་བྱུང་བའི་ཐོག་ནས་འབྱུང་འགྱུར་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཞིབ་ཕྲ་རྗེས་སུ་ལས་འགུལ་གྱི་དམིགས་ཡུལ་དང་ངོ་བོ། ལས་འགུལ་ཇི་འདྲ་སྤེལ་མིན་དང་དུས་ནམ་སྤེལ་མིན། དེ་བཞིན་ལས་འགུལ་སུས་སྤེལ་རྒྱུ་ཡིན་མིན་སོགས་རིམ་བཞིན་གསལ་པོ་ཆགས་རྒྱུ་ཡིན།
དེ་ནས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདིའི་ཐོག་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཐོག་དམིགས་བསལ་གྲོས་ཆོད་ཅིག་བཞག་ཐུབ་པ་བྱུང་ཡོད། འདིར་མི་མང་གི་ཚབ་ཞུས་ཏེ་ཕེབས་པའི་ཐོག་ནས་ལྷནཚོགས་སྐབས་གྲོས་ཆོས་དེ་འདྲ་འཇོག་ཐུབ་པ་ནི་གཟི་བརྗིད་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཚོགས་ཆེན་ཚོགས་པ་དང་དུས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པ་ཚང་འཛོམས་ཐོག་བརྟན་བཞུགས་སྟར་འབུལ་ཞུ་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་ཡིན་བསམ་བཞིན་ཡོད། གཞིས་བྱེས་བོད་མི་ཡོངས་ཀྱིས་འགན་ཁུར་ཐོག་ཆིག་སྒྲིལ་གྱི་ནུས་པ་སྤུང་སྟེ་ལངས་ཕྱོགས་ཕྲན་བུ་མི་འདྲ་བ་ཡོང་སྲིད་ཀྱང་འབྱུང་འགྱུར་ལས་འགུལ་ཇི་འདྲ་ཞིག་སྤེལ་ཀྱང་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསལ་བསྒྲགས་གནང་ཡོད་པ་བཅས།།