༢༠༡༢ ཟླ་ ༩ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཐུ་ཝ་སྤྱི་མཐུན་གྱི་རྒྱལ་ས་ཀི་ཛིལ་(Kyzyl) དུ་ཕྱི་ལོ་ ༡༩༩༢ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུ་ཝ་སྤྱི་མཐུན་དུ་ཐེངས་དང་པོ་ཆིབས་སྒྱུར་བསྐྱངས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ལ་ཕེབས་བསུ་ཞུས་ཡོད།
དེ་ཡང་ཐུ་ཝ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཟླ་བ་ཀན་ཨུལ་(Mr.Dawa Kan-ool Timyrovitch) མཆོག་གིས་བོད་མིའི་སྐུ་ཚབ་རྣམ་གཉིས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁོང་རྣམ་གཉིས་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་མ་ཟད། ༸གོས་ས་མཆོག་དང་བོད་མི་ཡོངས་ལ་འཚམས་འདྲི་ཡང་ཞུས་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མང་གཙོའི་འཕེལ་རིམ་དང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་ཡོད་པའི་སྐོར་གསུངས་ཡོད།
དེ་བཞིན་སྐུ་ཚབ་དོན་གཅོད་དང་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Friends of Tibet Society) ཚོགས་མི་རྣམས་ཐུག་འཕྲད་གནང་ཡོད་པ་མ་ཟད། ཚོགས་པའི་ཚོགས་གཙོ་གསར་རྙིང་གཉིས་ཏེ་ལྕམ་སྐུ་ཨུ་ལི་ཡ་ན་པ་ཝ་ལོ་ན་(Mrs.Uliyana Pavlona)དང་ཚོགས་གཙོ་གསར་པ་ལྕམ་སྐུ་བྷལ་གྷན་ཨེ་ལ་ན་(Mrs.Balgan Ailana) རྣམ་གཉིས་ལས་ཚོགས་གཙོ་རྙིང་པར་ཐོན་འཇལ་དང་ཚོགས་གཙོ་གསར་པར་འཚམས་འདྲིའི་མཇལ་དར་ཕུལ་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཡང་ཚོགས་ཡོད།
ཡང་དགེ་བཤེས་ལྷག་རྡོར་ལགས་དང་ཐུ་ཝ་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་རྣམ་གཉིས་ཀྱིས་རིག་གཞུང་དང་ཤེས་ཡོན་མཐུན་འགྱུར་དང་བརྗེ་ལེན་གྱི་གན་རྒྱའི་ཐོག་མཚན་རྟགས་བཀོད་ཡོད།
ཕྱི་ཟླ་ ༩ ཚེས་ ༨ ནས་ ༡༥ བར་བདུན་ཕྲག་གཅིག་རིང་ཐུ་ཝའི་ཁུལ་དུ་ཕེབས་སྐབས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་དགོན་པ་དང། སློབ་གྲྭ གཙུག་ལག་སློབ་གཉེར་ཁང་བཅས་སུ་བོད་བརྒྱུད་ནང་བསྟན་གྱི་ངོ་སྤྲོད་གསུང་བཤད་གནང་སྐབས་སྐུ་ཚབ་དོན་གཅོད་ཀྱང་མཉམ་ཞུགས་གནང་ཡོད། དེ་བཞིན་ཁོང་རྣམ་གཉིས་ཀྱིས་ཐུ་ཝ་རིག་གཞུང་བློན་ཆེན་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སྐད་ཡིག་དང་རིག་གཞུང་གི་དཀའ་ངལ། ཞེས་པའི་བརྗོད་གཞི་ཐོག་གི་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༡༥ ཉིན་ཐུ་ཝའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོར་སྲིད་འཛིན་སྐུ་ཞབས་ཤོལ་བྷན་མཆོག་གིས་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་དང་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་དང་ཐུ་ཝ་ནང་གི་ཆོས་བརྒྱུད་ཆེན་པོ་གཉིས་ཡོད་པ་བོད་བརྒྱུད་ནང་ཆོས་དང་། ཨུ་རུ་སུའི་ཡི་ཤུའི་ལྷ་ཁང་ (Russian Orthodox Church) གི་སྐུ་ཚབ་མཉམ་ཐུག་འཕྲད་ཀྱིས་ཕན་ཚུན་འཚམས་འདྲིའི་མཇལ་དར་ཕུལ་ཡོད། སྐབས་དེར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཁོང་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སྐུ་ཚབ་དོན་གཅོད་ཀྱིས་ཀྱང་དེ་དོན་གནས་ཚུལ་མཇུག་སྐྱོང་གནང་སྟེ་ངོ་སྤྲོད་གནང་ཡོད། ཉིན་དེར་ཀི་ཛིལ་གྲོང་ཁྱེར་བཙུགས་ཏེ་ལོ་ངོ་ ༩༨ འཁོར་བའི་མི་མང་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་དང་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཡང་ཞུས་ཡོད་པ་བཅས།།