༢༠༡༢ ཟླ་ ༩ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་མ་སུ་རི་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ནང་གི་བོད་ཕྲུག་ཁྱིམ་སྡེ་ཐོག་མ་ཡིན་པ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོ་གཏན་སློབ་འདོད་རྒུ་ཐང་དུ་གོ་སྒྲིག་ཞུས་པར་༸ཞབས་སོར་འཁོད་དེ་ལྔ་བཅུའི་དུས་དྲན་གྱི་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པར་ཚོགས་ཡོད།
དེ་ཡང་ལྔ་བཅུའི་དུས་དྲན་གྱི་མཛད་སྒོར་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག རྒྱལ་སྤྱིའི་ཨེསེ་ཨོའི་ཨེསེ་མཚན་གནས་ཚོགས་གཙོ་སྐུ་ཞབས་ཀུ་ཀྲིན་མཆོག བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱས་ལགས། མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི། མ་སུ་རི་རྒྱ་གར་ས་གནས་ཚོགས་གཙོ་སྐུ་ཞབས་ཨོའོ་སྦི་ཨུ་ནལ། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷ་ནི་ཤི་ཇོའོ་ཤི་མཆོག ཤེས་རིག་ལས་ཁུངས་ཀྱི་ངོ་ཚབ། རྡ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན། དེ་བཞིན་གནད་ཡོད་སྐུ་མགྲོན་དང་ཕྱི་རྒྱལ་རོགས་རམ་མི་སྣ། སློབ་ཟུར་བ་བཞི་བརྒྱར་ཉེ་བ། བོད་ཁྱིམ་དང་གཏན་སློབ་གཉིས་ཀྱི་སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་བའི་དབུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་ཞབས་སྟེགས་སྟེང་༸ཞབས་སོར་བདེ་བར་འཁོད་བསྟུན། བོད་ཁྱིམ་དྲུང་ཆེའི་ལས་རོགས་ནས་ཕེབས་བསུའི་འཚམས་འདྲི་ཞུས་རྗེས་རྟེན་འབྲེལ་གསོལ་ཇ་དང་གྲོ་མ་འབྲལ་སིལ་འདེགས་འབུལ་ཞུས། དེ་ནས་བོད་ཁྱིམ་སློབ་གྲྭའི་རོལ་ཆ་རུ་ཁག་གིས་སྣེ་འཁྲིད་དེ་ཁང་ཚན་ཁག་དང་། མ་སུ་རི་གཏན་སློབ། རྭ་ཇ་པུར་སློབ་གྲྭ རི་ཤི་ཁེ་ཤི་སློབ་གྲྭ་བཅས་ནས་རིམ་པ་བཞིན་དུ་རུ་སྒྲིག་བཏང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོའི་གུས་འདུད་ཞུས། དེ་ནས་འཕགས་བོད་གཉིད་ཀྱི་རྒྱལ་གླུ་རིམ་བཞིན་ཕུལ་རྗེས་བོད་ཁྱིམ་རོལ་ཆའི་རུ་ཁག་ནས་རྔ་རོལ་གྱི་མཆོད་སྤྲིན་གཟིགས་འབུལ་ཞུས།
དེ་རྗེས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེས་ལོ་ངོ་ལྔ་བཅུའི་རིང་གི་བོད་ཕྲུག་ཁྱིམ་སྡེའི་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས་པའི་ནང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་༸གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་བཞིན་ཕྲེང་རིང་ལྷ་སྐུ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་ཐོག་མར་ཁྱིམ་ཚང་གསུམ་ནང་དྭ་ཕྲུག་ཉམ་ཐག་གྲངས་ ༧༥ ཡོད་པ་འགོ་འཛུགས་ཆེད་སྨན་པའི་འགྲོ་གྲོན་ཡོངས་རྫོགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསོལ་སྩལ་ཐོག་བོད་ཕྲུག་ཁྱིམ་སྡེ་འདི་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༢༣ ཉིན་ཁྱིམ་ཚང་བརྒྱད་ཡོད་པ་གཞུང་འབྲེལ་ཐོག་ངོས་ལེན་ཐོབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་ཡོད། དེ་ནས་ད་བར་མི་ལོ་ལྔ་བཅུའི་རིང་ཕྱི་ནང་གི་ཡར་རྒྱས་ཕྱིན་ཡོད་ལ་སློབ་ཕྲུག་བརྒྱ་ཕྲག་མང་པོར་ཤེས་ཡོན་སློབ་གསོའི་མཐུན་རྐྱེན་སྦྱར་ཏེ་འདབ་ཤོག་གཉིས་ལྡན་གྱི་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་མཁན་བྱུང་ཡོད། ཅེས་སོགས་ཀྱི་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་ནས་བོད་ཁྱིམ་སློབ་ཕྲུག་དང་གཏན་སློབ་སློབ་ཕྲུག་བཅས་ནས་གཞན་སྣ་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དུས་དེབ། ཅེས་པའི་མི་ལོ་ལྔ་བཅུའི་རིང་གི་ལོ་རྒྱུས་སྙིང་བསྡུས་ཀྱི་བརྙན་དེབ་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་རྗེས་རྒྱལ་སྤྱིའི་ཨེ་སི་ཨོའི་ཨེསེ་མཚན་གནས་ཚོགས་གཙོ་སྐུ་ཞབས་ཀུ་ཀྲིན་མཆོག་ལ་བོད་ཁྱིམ་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་དོན་ལྟར་སྩལ། རྒྱལ་སྤྱིའི་ཨེ་སི་ཨོའི་ཨེསེ་མཚན་གནས་ཚོགས་གཙོ་སྐུ་ཞབས་ཀུ་ཀྲིན་མཆོག་གིས་གསུང་བཤད་མདོར་བསྡུས་གནང་བའི་ནང་། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གཞོན་སྐྱེས་ཚོར་ཚོགས་པ་འདིས་ཤེས་ཡོན་སློབ་གསོའི་ཐད་ལྟ་སྐྱོང་བྱས་པར་བརྟེན། བོད་ཕྲུག་རྣམས་ཧ་ཅང་ཡག་པོ་བཟོ་ཐུབ་པ་བྱུང་ཡོད། བོད་ཕྲུག་ཁྱེད་རྣམས་ནས་ཀྱང་བོད་མིའི་འདུ་ཤེས་བཟུང་ཐུབ་པ་ཞིག་དང་། རེ་བ་རྩ་བ་ནས་བརླག་རྒྱུ་མེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ས་གནས་རྒྱ་གར་དཔོན་རིགས་ཁག་གཉིས་ནས་ཀྱང་གསུང་བཤད་མདོར་བསྡུས་རེ་གནང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ང་ཚོ་མ་སུ་རིར་ཐོག་མ་འབྱོར་རྗེས་སྐབས་དེའི་ཛ་དྲག་གི་ལས་ཀ་དེ་ང་ཚོ་མ་སུ་རིར་འབྱོར་མ་འབྱོར་ནས་བོད་མི་ཁྲི་ཕྲག་ཁ་ཤས་ཤིག་དམར་འགོ་ལ་བརྒྱུད་དེ་མོན་ལ་ཡོང་རྒྱུའི་ཧ་ཅང་ཛ་དྲག་ཅིག་ཆགས་པ་རེད། དེའི་ནང་ནད་པ་དང་རྨས་མ་དེ་འདྲ་ཡང་ཡོད། སྐབས་དེར་རྒྱལ་སྤྱིའི་ཚོགས་པ་དེ་འདྲས་རོགས་རམ་ཡག་པོ་བྱས་ཡོད། ཅེས་སྔོན་ལ་ཛ་དྲག་གི་ལས་ཀ་དེ་དག་མཇུག་བསྒྲིལ་རྗེས་ཕྲན་བུ་ལྷིང་འཇགས་ཡོང་སྐབས། ང་ཚོས་སློབ་གྲྭ་གལ་ཆེན་པོ་རེད་སློབ་གྲྭ་འཛུགས་དགོས་ཀྱི་འདུག་ཅེས་དང་། ཐོག་མར་སློབ་ཕྲུག་ལྔ་བཅུ་བྱས་ཏེ་སློབ་གྲྭའི་རྟེན་གཞི་དེ་མ་སུ་རིར་བཙུགས་པ་འདི་སློབ་གྲྭ་རྒན་ཤོས་ཆགས་ཡོད། དེ་ནས་པོ་ལན་ཡུལ་ནས་ཡིན་པ་ངོ་ཤེས་པོ་ལན་སྤོ་ལགས་ཞུ་བ་དེས་བོད་ཁྱིམ་བཙུགས་དགོས་པའི་དགོངས་འཆར་གནང་བ་བཞིན། ང་ཚོས་མ་སུ་རིར་ཁྱིམ་ཚང་བཙུགས་པ་རེད། ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཧ་ཅང་ཟབ་རྒྱས་སྩལ། དེ་རྗེས་བོད་ཁྱིམ་དྲུང་ཆེའི་ལས་རོགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་རིམ་ཁག་ཡོངས་སུ་ལེགས་གྲུབ་ཟིན།
ཕྱེད་ཡོལ་ཚུ་ཚོད་ ༡།༣༠ ཐོག་བོད་ཁྱིམ་སྦྱིན་བདག་ཕྱི་རྒྱལ་མི་སྣ་ཁག་གཅིག་ལ་མཇལ་ཁ་དང་གསུང་མོལ་སྩལ་རྗེས་བོད་ཁྱིམ་གྱི་འདྲ་པར་རྙིང་རིགས་ཁག་གཅིག་འགྲེམས་སྟོན་བྱས་ཡོད་པར་གཟིགས་ཞིབ་མཛད། དེ་ནས་བོད་ཁྱིམ་དགོན་པའི་ལམ་གཡས་སུ་མ་སུ་རི་བོད་ཁྱིམ་སློབ་ཟུར་རྣམས་དང་ལྷན་སྐུ་པར་བསྒྲོན་རྗེས་བོད་ཁྱིམ་གྱི་སློབ་ཕྲུག་གི་ལྷ་མོའི་རུ་ཁག་ནས་གསར་དུ་བརྩམས་པའི་ལྷ་གཞུང་མཁན་སློབ་ཆོས་གསུམ་འཁྲབ་སྟོན་གྱི་ལམ་ནས་གཟིགས་འབུལ་ཞུ་ཡོད་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གཟིགས་པ་དང་འཁྲབ་སྟོན་པ་རྣམས་ཀྱི་ལྷན་དུ་སྐུ་པར་ཡང་བསྒྲོན་པར་མཛད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ཁྱེད་ཚོས་ད་ལྟ་འཁྲབ་པའི་ལྷ་མོའི་གཞུང་གི་འཁྲབ་ཁྱེར་དང་རྔོན་པས་འདོན་བཅས་ཡག་པོ་ཞེ་དྲག་འདུག ལྷ་མོའི་ཟློས་གར་འདི་གལ་ཆེན་པོ་བརྩི་རྒྱུའི་རྒྱུ་མཚན་གང་རེད་དམ་ཞེ་ན། ང་ཚོའི་གཞས་དང་ཞབས་བྲོའི་རིགས་མང་པོ་ཞིག་རྒྱ་མིས་ཀྱང་གཞས་གཏོང་བ་དང་འཁྲབ་སོགས་ཤེས་ཀྱི་འདུག འོན་ཀྱང་ད་བར་བོད་པའི་རྣམ་ཐར་གཏོང་མཁན་ཕལ་ཆེར་རྒྱ་མི་གཅིག་ཀྱང་ཡོད་པ་མ་རེད། སྔ་མོ་སྔ་མོ་ཟློས་གར་ལ་རོགས་བྱེད་མཁན་མགོ་སེར་བུད་མེད་གཅིག་གིས་རྣམ་ཐར་བཏང་བ་ཞིག་ངོས་ནས་མཐོང་བྱུང། དེ་མ་གཏོགས་རྣམ་ཐར་ཞེས་པ་དེ་ང་ཚོ་བོད་པ་རང་གིས་མ་གཏོགས་གཞན་ཧ་ལམ་གཏོང་མཁན་མེད་པ་ལྟ་བུ་རེད། དེར་བརྟེན་ང་ཚོ་མི་རིགས་གང་དང་གང་ཡིན་ཡང་སོ་སོའི་རིག་གཞུང་དང་འབྲེལ་བའི་གཞས་ཞབས་བྲོའི་འཁྲབ་སྟོན་དེ་ཚོའི་གྲས་གནད་འགག་ཅིག་ཆགས་ཀྱི་ཡོད། བོད་པ་རང་ལ་མ་གཏོགས་མེད་པ་དེ་ཚོའི་རིགས་དེ་སོ་སོའི་ཐུན་མོང་མིན་པ་ཆགས་ཀྱི་ཡོད། དེར་དོ་སྣང་བྱས་ཏེ་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་ལྔ་བཅུ་ང་དགུ་ལོར་ཐོག་མར་འབྱོར་སྐབས་ལྷ་མོའི་སྐོར་རྒྱུས་ཡོད་པ་ཉུང་ཉུང་རེད། རིམ་པས་ཟློས་གར་ནས་བྱས་ལྷོ་ཕྱོགས་གཞིས་ཆགས་སྦེལ་ཀོབ་ནང་བོད་ནང་ལྷ་མོ་འཁྲབ་མྱོང་ཡོད་པ་ཀུན་བདེ་གླིང་སྐུ་ཞབས་བགྲེས་སོང་ཞིག་ཡོད་པ་ཁོང་གིས་རྣམ་ཐར་ཧ་ཅང་སྙན་པོ་གཏོང་གི་འདུག འདི་ལྟ་བུ་ཉུང་ཤས་ལས་མེད་པ་ཆགས་སྐབས་དེའི་བརྒྱུད་འཛིན་བྱེད་རྒྱུར་གནད་འགག་ཅིག་འདུག་སྙམ་ཏེ་གོ་སྐབས་མང་པོ་ཞིག་ལ་འབོད་སྐུལ་བྱས་པ་ཡིན། ཁྱེད་ཚོས་ལོ་གཅིག་ཅིག་ལྷ་མོར་དང་འདོད་བྱས་ཏེ་སློབ་གྲྭའི་ནང་གི་སློབ་ཕྲུ་གུ་གཅིག་གིས་ལྷ་མོ་འཁྲབ་བཟོ་ཞེ་དྲག་བྱེད་མཁན་ཞིག་ཡོད། དེ་རེས་འདིར་ཁྱེད་ཚོས་ལྷ་མོའི་ཐོག་སྦྱོར་བརྡར་བྱས་ཏེ་སྦྱོང་ཐག་ཆོད་འདུག ཅེས་དང་ཡང་༸གོང་ས་མཆོག་གིས་ད་རེས་ཁྱེད་ཚོས་ལྷ་མོ་འཁྲབ་སྟངས་ཡག་པོ་ཞེ་དྲག་འདུག ལྷག་པར་ད་རེས་ཀྱི་གཞུང་དེ་མཁན་སློབ་ཆོས་གསུམ་གྱི་ལོ་རྒྱུས་གལ་ཆེན་པོ་ཞིག་ཡོད་པ་དེ་རེད། ང་ཚོ་ལོ་རྒྱུས་ལྡན་པའི་མི་རིགས་འདི་ད་ལྟ་དཀའ་ངལ་ཆེན་པོ་ཞིག་སྒྲིམ་བཞིན་པའི་སྐབས་འདིར་ང་ཚོས་སྙིང་སྟོབས་མ་སྐྱེས་ན་སུས་སྐྱེས་བསམས་པ་བྱས་ཏེ་ཚང་མས་སྙིང་སྟོབས་སྐྱེ་རྒྱུ་གལ་ཆེན་པོ་ཡིན། སྙིང་སྟོབ་སྐྱེས་ནས་འཛིང་བརྗོད་ཀྱི་མེད། སྙིང་སྟོབས་སྐྱེས་ནས་ཡོན་ཏན་དང་ལག་རྩལ་སྦྱོང་དགོས་པ་རེད། མདོར་ན། རྒྱ་མི་རིགས་སྔོན་ཐོན་ཡིན་ཟེར་གྱི་ཡོད་པ་རེད། རྒྱ་མི་རིགས་གང་དུ་སླེབས་ས་དེར་ང་ཚོ་བོད་མི་རིགས་ཀྱང་འདྲ་འདྲ་སླེབས་ཐུབ་པ་ཞིག་བྱེད་དགོས་པ་ཡིན། དེ་བྱུང་ན་སོ་སོའི་ལས་ཀ་ག་རེ་ཡིན་ཡང་བོད་པ་རང་ཉིད་ཀྱིས་འགན་ཆ་ཚང་འཁྱེར་ཐུབ་པ་ཞིག་དགོས་ལ་གོ་སྐབས་བྱུང་ན་ང་ཚོས་བྱེད་ཐུབ་ཀྱི་རེད། དེར་བརྟེན་ཁྱེད་ཚོ་ཚང་མས་བློ་ལ་བཅངས་ཏེ་ཧུར་སྐྱེད་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ།
དེ་རྗེས་མ་སུ་རིར་རྟེན་གཞི་བྱས་པའི་ཝན་བག་ཨལ་ལན་ཞེས་པའི་སློབ་གྲྭར་ཆིབས་སྒྱུར་གྱིས་སློབ་གྲྭ་དེའི་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད་པར་༸ཞབས་སོར་འཁོད་སྐབས་སློབ་སྤྱིས་སློབ་ཕྲུག་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་དང་དྲི་བ་དྲིས་ལན་གྱི་གོ་སྐབས་སྩལ་ཏེ་དྲི་བ་རྣམས་ལ་བཀའ་ལན་ཕེབས་རྗེས་ཉིན་དེའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་བཞུགས་གནས་བོད་ཁྱིམ་དགོན་དུ་ཆིབས་ཞལ་བསྒྱུར།།