༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལོ་འཁོར་ལས་དོན་ངོ་སྤྲོད་གནང་དོན། བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་རྣམས་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཚང་མར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ན་ནིང་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་བཀའ་བློན་ཁྲི་པའི་དམ་འབུལ་ཞུས་ཏེ་ད་ཆ་ལོ་གཅིག་འཁོར་ཡོད། གཞི་རྩའི་བཀའ་ཤག་ཐོག་ནས་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད་ཅེས་དམིགས་བསལ་སྙན་སེང་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་ལོ་གཅིག་རིང་ལ་འཐུས་ཤོར་ཆེན་པོ་ཞིག་ཕྱིན་མེད་ཞུ་རྒྱུ་དང་ཆབས་ཅིག་གཙོ་ཆེ་ཤོས་༸གོང་ས་མཆོག་གི་དགོངས་པ་དང་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་མངོན་འདོད། དེ་བཞིན་བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་རེ་བ་ལྟར། སྤྱི་དམངས་ལ་ཕན་པའི་ཞབས་ཕྱི་བསྒྲུབས་དང་སྒྲུབ་མུས་ཡིན། བཀའ་ཤག་ནང་དུ་ཡིན་ནའང་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་མི་མང་ལ་ཞབས་ཕྱི་ཞུ་རྒྱུར་སེམས་ཤུགས་དང་ལྷག་བསམ་ཐོག་ནས་དཀའ་ལས་རྒྱག་གི་ཡིན་བསམས་པའི་བསམ་བློ་དེ་སྔར་བཞིན་ཡོད་མུས་ཡིན་ལ་མུ་མཐུད་གནས་ཀྱི་རེད་ཞུ་རྒྱུ་དང་། ལོ་གཅིག་གི་རིང་ལ་གཙོ་བོ་ཆེ་ཤོས་བཀའ་ཤག་གི་ཐོག་ནས་འཐུས་ཤོར་ཆེན་པོ་ཞིག་མི་འགྲོ་བའི་ཐོག་སྤྱི་ཚོགས་ནང་ལྷིང་འཇགས་པོ་ཆགས་ཐུབ་པའི་རྒྱུ་མཚན་གཙོ་བོ་མི་མང་རྣམས་ཀྱིས་ཆིག་སྒྲིལ་དང་རྒྱབ་སྐྱོར། ཕྱར་གྲུ་མཉམ་འདེགས་གནང་བའི་བཀའ་དྲིན་བརྟེན་ནས་བྱུང་བ་ཞིག་ཡིན་པས་གཟི་བརྗིད་ཆེན་པོ་ཞིག་རེད་སྙམ་གྱི་ཡོད། གང་ལ་ཞེ་ན། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་ཚགས་ཚུད་མ་བྱུང་ན་བསམ་པའི་རེ་བ་དང་འཆར་གཞི་ཡོད་པ་མ་ཟད། འབད་བརྩོན་ཡང་བྱེད་ཀྱི་ཡོད།
དེར་བརྟེན་ལོ་གཅིག་རིང་ལ་ལྷིང་འཇགས་པོའི་ཐོག་གནས་ཡོད་སྟབས། ཁོང་ཚོར་བརྡ་ལན་གསལ་པོ་ཞིག་ག་རེ་སྤྲད་ཡོད་ད་དམ་ཞེ་ན། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་བའི་རྗེས་སུ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་བོད་ནང་ཡོད་པའི་བོད་མི་ཚོའི་རྒྱབ་སྐྱོར་བཀའ་དྲིན་ལ་བརྟེན་ནས་བོད་མིའི་རྩ་དོན་རྩོད་མཁན་གྱི་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་ནས་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་བཏང་ཡོད་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་རེད་སྙམ་བཞིན་ཡོད། དེ་བཞིན་ང་ཚོའི་དོན་གྱི་བདག་པོ་བོད་ནང་གི་མི་ཚོ་ཆགས་ཡོད། ཁོང་རྣམ་པས་གཟིགས་སྐབས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་རྗེས་གནས་སྟངས་གང་འདྲ་ཞིག་ཆགས་ཡོང་ངམ་བསམ་པའི་སེམས་འཚབ་ཏན་ཏན་ཡོད་མདོག་ཁ་པོ་རེད་བསམས་ཀྱི་ཡོད། གལ་ཏེ་་དེ་ལྟར་ཡོད་ཚེ་ན་ལོ་གཅིག་ཕྱིན་ཟིན་པར་རྒྱབ་ཤིག་བརྒྱབ་སྟེ་གཟིགས་ན། དངོས་གནས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་སྣང་དག་མེད་པ་དང་རྡོག་རྩ་ཆིག་སྒྲིལ་ཐོག་ནས་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་གནས་པ་མ་ཟད། ཧུར་ཐག་འབད་ཐག་གིས་ཞབས་ཕྱི་ཞུ་བཞིན་འདུག་སྙམ་པའི་བསམ་བློ་དེ་ཏན་ཏན་འཆར་ཐུབ་ཡོད་པ་རེད་སྙམ་བཞིན་ཡོད། དེར་བརྟེན་ཁོང་རྣམ་པའི་སེམས་ཤུགས་དང་ལྷག་བསམ། རེ་བ་ཆེ་རུ་དང་ཡིད་ཆེས་རྣམས་བརྟན་དུ་ཕྱིན་ཡོད་པ་རེད་སྙམ་གྱི་ཡོད། དེས་བོད་ཀྱི་རྩ་དོན་ལ་ཐུགས་ཕན་སོས་པ་ཞིག་ཡོང་གི་ཡོད་པ་བརྗོད་མི་དགོས་པ་རེད།
དེ་བཞིན་ཕྱི་ཕྱོགས་ནས་ལྟ་སྐབས། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་རེད་ཅེས་གོ་ཐོས་བྱུང་ཡོད། ཁ་ཤས་ཀྱིས་ཤེས་ཀྱི་ཡོད་ཀྱང་མང་ཆེ་བས་གང་འདྲ་ཞིག་ཡིན་ནམ་སྙམ་གྱི་ཡོད། བོད་མིའི་སྒྲིག་འཛུགས་འདི་ནི་མང་གཙོའི་ལམ་ལུགས་ཐོག་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོས་ཕྱག་ལས་གནང་སྟངས་དང་དེར་མི་མང་ཚོས་རྒྱབ་སྐྱོར་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་ཡིན་རུང་ཆེ་མཐོང་དང་གུས་ཞབས་གནང་དགོས་པ་ཞིག་དང་། དེ་བཞིན་མཐུན་སྒྲིལ་བྱེད་དགོས་པའི་སྒྲིག་འཛུགས་ཤིག་རེད་འདུག་བསམ་པའི་ཐོག་ནས་སྔོན་མ་ནས་ཡོད་པ་རེད་ལ་ད་དུང་སྔར་ལྷག་རྒྱབ་སྐྱོར་ཡོང་རྒྱུའི་རེ་བ་ཏན་ཏན་ཡོད། དེར་བརྟེན་རྒྱལ་སྤྱིིའི་ཐོག་ནས་བལྟས་ཀྱང་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད། དེ་ཡང་ང་ཚོའི་མི་ཐོག་རྒན་པ་ཚོས་ཕྱི་ལོ་ ༡༩༥༩ ནས་སྐུ་ངལ་སྐྱོན་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཡང་བཅུ་དཔོན་རྒྱ་དཔོན་དགེ་རྒན་སྨན་ཞབས་སོགས་ཕྱག་ལས་གནང་མཁན་ཚང་མའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་བསམ་པའི་ཐོག་ནས་ཁོང་རྣམ་པས་ད་ལྟ་བར་ཕྱག་གནང་བ་དང་། ད་དུང་མུ་མཐུད་གནང་རོགས་ཞེས་རེ་འདུན་ཞུས་པ་དང་ལྷན་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་ཞབས་ཕྱི་བསྒྲུབ་རྒྱུར་སེམས་ཤུགས་དང་ལྷག་བསམ་སྙིང་སྟོབས་ཡོད།
སྤྱིར་བཏང་ང་རང་བཀའ་བློན་ཁྲི་པའི་འགན་མ་ཁུར་དེ་བའི་སྔོན་ལ་བཀའ་བློན་ཁྲི་པའི་འགན་ཁུར་ཆེན་པོ་ཡིན་པ་ངས་ཤེས་ཀྱི་ཡོད། དེ་བཞིན་རྐུབ་སྟེགས་འདིའི་སྟེང་བསྡད་ཟིན་སྟབས། ཉིན་རེ་ཉིན་རེའི་ལས་དོན་སྒྲུབ་སྐབས་ལས་དོན་རྣམས་དཀའ་ལས་ཁག་པོ་ཡིན་པའི་ཚོར་བ་དང་ཉམས་མྱོང་བྱུང་། འོན་ཀྱང་འོས་བསྡུ་མ་བྱས་སྔོན་ནས་ངས་དམ་བཅའ་ཕུལ་བ་ལྟར། དུས་ད་ལྟ་ཡིན་རུང་སྒེར་སྤྱི་གཉིས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གི་དཀའ་ལས་རྒྱག་རྒྱུ་དང་ཞབས་ཕྱི་ཞུ་རྒྱུའི་དམ་བཅའ་དེ་གཙང་མ་ཡིན། ད་ཆ་ལོ་གཅིག་འཁོར་ཏེ་བྱས་རྗེས་ཆེན་པོ་ཞིག་མ་བྱུང་རུང་ང་ཚོས་ཕྲན་བུའི་ཞབས་ཕྱི་བསྒྲུབས་པ་དེ་དག་བརྒྱུད་ལམ་འདིའི་ནང་གསལ་པོ་འཁོད་ཡོང་གི་རེད་བསམས་ཀྱི་ཡོད། དེ་རྣམ་པ་ཚོས་གཟིགས་པའི་ཐོག་ནས་ཐུགས་ལ་འཇགས་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས། །