ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ཝ་རཱ་ཎ་སིར་ཕྱོགས་གང་ས་
ནས་ཆེད་གཉེར་གྱིས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་
སེམས་པའི་སྤྱོད་པ་ལ་འཇུག་པ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་བཀའ་དྲིན་སྩལ་གྲུབ་བསྟུན་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༢ ཉིན་ཨ་རུ་ན་ཅལ་(Arunachal)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱན་རས་གཟིགས་ཀྱི་དབང་བསྐུར་སྩལ་སྐབས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཀྱང་དབང་ཞུར་བཅར་ཡོད། དབང་བསྐུར་གྲུབ་རྗེས་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོས་ལུགས་རིས་མེད་ཀྱི་དགེ་བཤེས་དང་། བླ་སྤྲུལ། དགེ་འདུན་གྱི་སྡེ། ཨ་རུ་ན་ཅལ་
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་ཆོས་ཞུར་ཆེད་གཉེར་གྱིས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བ་གནས་མཆོག་ཝ་རཱ་ཎ་སིའི་མཆོད་རྟེན་ཆེན་པོའི་དྲུང་དུ་ལྷན་བཞུགས་ཐོག་བོད་ནང་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་བཞིན་རྒྱ་གར་གྱི་མངའ་སྡེ་སྦི་ཧར་ནང་ཆུ་ལོག་གིས་འཇིག་པའི་ནང་འདས་གྲོངས་སུ་གྱུར་བ། རྒྱ་གར་གྱི་ཚོང་རྭའི་བསྟི་གནས་གྲོང་ཁྱེར་མུམ་འབེ་ནང་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་འོག་འདས་གྲོངས་སུ་གྱུར་བ། རྒྱ་ནག་ནང་ས་ཡོམ་གྱིས་འཇིིག་པའི་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་བཀའ་དྲིན་སྩལ་ཡོད་པ་རེད།། གསོལ་འདེམས་སྨོན་ལམ་གནང་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོོན་ཆེན་པོ་མཆོག་ཝ་ཎར་སློབ་དཔོན་དྷ་རྨཱ་པ་ལས་ཕྱག་བཏབ་པའི་རྒྱ་གར་ནང་པའི་ལྷ་ཁང་མུ་ལ་གྷན་ལྷ་ཀུ་ཊི་ཝི་ཧ་རར་(Mulagandhakuti Vihara) གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཏེ་སངས་རྒྱས་ཀྱི་རིང་བསྲེལ་ལ་མཇལ་ཁ་ཞུས་ཡོད་པ་རེད།།