ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༥ བོད་ཟླ་ ༡༠ ཚེས་ ༡༣ ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ལྷ་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་རྗེས་དྲན་མཛད་སྒོ་ཐེངས་བཅུ་དགུ་པ་དང་། ཧི་མ་ཅལ་མངའ་སྡེའི་གཞུང་ནས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བའི་ཆེ་བསྟོད་རྒྱལ་ཡོངས་ཧི་མ་ལ་ཡའི་དགའ་སྟོན་ཐེངས་བཅུ་བཞི་པ་བཅས་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩ ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྤྱི་འཐུས་རྒྱུན་ལས་སོགས་གདན་གྲལ་དུ་འཁོད་བསྟུན་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་། དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་ཕུལ་གྲུབ་རྗེས་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་པྲེམ་ས་གར་ནས་དུས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་གནང་གྲུབ་རྗེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ནས་སྲི་ཞུ་བ་བགྲེས་ཡོལ་དུ་ཕེབས་མི་རྣམས་ངོ་སྤྲོད་དང་སྦྲགས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་ལེགས་སྐྱེས་གསོལ་སྩལ་གནང་། དེ་རྗེས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་རྣམས་པར་ལེགས་མཚོན་བྱ་དགའ་གནང་རྒྱུར་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་ནས་ངོ་སྤྲོད་དང་འབྲེལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བྱ་དགའ་གསོལ་སྩལ་གནང་། སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་བའི་སྔོན་འགྲེོའི་གསུང་ཆོས་ཁག་ཕྱོགས་སྒྲིག་ཞུས་པ། ༼ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་༽ཞེས་པའི་ཕྱག་དེབ་དང་། བོད་གཞུང་ཟློས་གར་ཚོགས་པའི་ ༢༠༠༨ ལོའི་དབྱར་སྐྱིད་ཀྱི་འོད་སྡེར་བཅས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་དབུ་འབྱེད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ།
ཐེངས་འདིའི་མཛད་སྒོའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་ཆུང་རྣམ་པས་དབུས་གཞུང་ཞབས་ལས་བྱེད་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་རྣམ་པ། སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་བཅར་བཞུགས་གནང་ཡོད་འདུག