ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༨ ཉིན་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་བོད་ནང་གི་རྩོམ་པ་པོ་ནགས་ཚང་ནུས་བློས་བྲིས་པའི་དཔེ་དེབ་དེའི་ནང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་མིར་མནར་གཅོད་དང་དམར་གསོད་བཏང་བ། དེ་བཞིན་མུག་ཤི་ཇི་ལྟར་བྱུང་བའི་དངོས་མཐོང་དངོས་མྱོངས་ཀྱི་ལོ་རྒྱུས་ལྡན་པའི་དཔེ་དེབ། ནགས་ཚང་ཞི་ལུའི་སྐྱིད་སྡུག ཅེས་པ་དཔེ་དེབ་ཅིག་ཁ་སྐད་ཐོག་བྲིས་ཡོད་པ་ནས་ཡིག་སྐད་དུ་བསྒྱུར་ཏེ་སྲི་ཞུ་ཁང་དེས་དཔར་སྐྲུན་ལེགས་པར་ཟིན་ཏེ་དབུ་འབྱེད་དང་། དེ་བཞིན་བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱ་www.bangchen.net/www.tibetexpress.net བོད་དབྱིན་རྒྱ་གསུམ་གྱི་ཐོག་གསར་བཟོ་གྲུབ་པའི་དབུ་འབྱེད་མཛད་སྒོ་མདོར་བསྡུས་ཤིག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གནང་བར་ཐོག་མ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་དང་། བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གཅིག་ལྕོགས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་མཛད་སྒོའི་ཐོག་ཕྱི་ལོ་ ༡༩༥༨ དང་ ༡༩༥༩ ལོའི་ནང་བོད་ཀྱི་དུས་འགྱུར་གྱི་གནས་སྟངས་ཁ་གསལ་བྲིས་ཡོད་པའི་ནགས་ཚང་ཞི་ལུའི་སྐྱིད་སྡུག ཅེས་པའི་དཔེ་དེབ་འདི་ཡུལ་སྐད་གོ་མི་བདེ་བ་རྣམས་གོ་བདེ་བར་རྩོམ་སྒྲིག་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་དེ་དང་། དེ་མིན་བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱ་བོད་དབྱིན་རྒྱ་གསུམ་གྱི་ཐོག་གསར་བཟོ་བྱས་ཡོད་པར་བོད་ཡིག་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཅན་གྱི་ཧི་མ་ལ་ཡ་ (Microsoft Himalaya) དང་། བོད་གཞུང་གི་ཡིག་གཟུགས་ (TCRC Tibetan Unicode) གཉིས་མཉམ་དུ་བེད་སྤྱོད་བྱས་ཡོད་པའི་སྐོར་ངོ་སྤྲོད་ཀྱི་གཏམ་བཤད་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་དང་། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་གསར་པ་དབུ་འབྱེད་གནང་ཡོད། དེ་ནས་དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་འབྲེལ་བའི་རང་གི་མྱོང་ཚོར་སྐོར་གྱི་གཏམ་བཤད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དཔེ་དེབ་རིགས་ལྟ་ཀློག་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་དེང་གི་དུས་འདིར་དྲ་རྒྱ་ཟེར་བ་འདི་ཡུལ་དུས་གང་གི་ཆ་ནས་ཀྱང་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པའི་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། མཐར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲུང་ཆེ་བསྟན་འཛིན་པལྨ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་གཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་བ་བཅས་ཀྱི་གནས་བསྡུས་སུ།།