༢༠༡༢ ཟླ་ ༥ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་དོན་རྐྱེན་ད་ཆ་བོད་ཀྱི་ས་ཁུལ་གཞན་ནང་བྱུང་བར་ཧ་ཅང་བློ་འཚབ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
ཕྱི་ཚེས་ ༢༧ རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བར་རྡ་སར་རྟེན་གཞི་བྱས་པའི་བཙན་བྱོལ་ བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་འཚབ་ཡོད། ཅེས་འཁོད་ཡོད་པ་མ་ཟད། གནད་དོན་དེའི་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་སའི་བོད་ཀྱི་ས་ཁུལ་དེ་དག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་འཐུས་མི་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་ཆུང་། དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཇི་ཡིན་རྟོག་ཞིབ་བྱ་རྒྱུར་འགོག་རྐྱེན་བཟོས་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་དྲང་བདེན་ཞིག་ཨེ་ཡིན་བསམ་པའི་དོགས་གཞིའི་གནས་སུ་འགྱུར་ངེས་ཡིན།
ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་མི་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་མ་ཟད། བོད་ཀྱི་དགོན་སྡེ་ཁག་ནང་རྒྱ་མིའི་བདེ་འཇགས་མི་སྣ་འགྲེམས་འཇོག་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བཙན་ཐབས་ཀྱིས་སྤེལ་ཏེ་ཆེད་མངགས་བོད་མི་ཚོར་སྲུན་གཙེར་བཟོ་བཞིན་པ་དེར། བོད་མི་ཚོས་རང་གི་ཐུན་མིན་རིག་གཞུང་དང་སྐད་ཡིག་རྩ་མེད་འགྲོ་རྒྱུའི་ཉེན་ཁ་མཐོང་སྟེ་ངོ་རྒོལ་བྱེད་སྐབས་མི་དམངས་བཅིངས་བཀྲོལ་དམག་མིས་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བྱས་པར་བརྟེན། མཐར་བོད་མི་ཚོས་བཟོས་ཐབས་བྲལ་ཏེ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་འབྱུང་བཞིན་ཡོད་སྐོར་ཞིབ་ཕྲ་བཀོད་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བྱུང་བའི་དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་རྣམས་ཇི་ཡིན་སྙན་ཐོའི་ནང་ཚད་ལྡན་ཐོག་བཀོད་ཡོད་པ་དང། གནས་ཚུལ་དེ་དག་ཁུངས་ལྡན་ཡིན་པའི་ར་སྤྲོད་ཆེད་བོད་ནས་གསང་བའི་ཐོག་བཏང་འབྱོར་བྱུང་བའི་བརྙན་འཕྲིན་ཁག་གཅིག་ཀྱང་ལུང་འདྲེན་བྱས་ཡོད། བརྙན་འཕྲིན་ནང་རྒྱ་མིའི་ཉེན་རྟོག་མི་སྣས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་ཤག་ནང་མཚན་མོ་འཛུལ་ནས་སྔོག་བཤེར་བྱས་པ་མ་ཟད། ༸གོང་ས་མཆོག་གི་སྐུ་པར་ཉར་མཁན་དགེ་འདུན་པ་རྣམས་འཛིན་བཟུང་བྱས་པ་དང། ཉེན་རྟོག་པ་ཚོས་ལྷ་སའི་འབྲས་སྤུངས་དགོན་པར་དམ་བསྒྲགས་ཀྱི་མཐའ་སྐོར་བྱས་ཡོད། སྤྱིར་བརྙན་པར་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བརྒྱབ་པ་ཞིག་ཡིན་ཡང་སྲིད་བྱུས་དེ་དག་དུས་ད་ལྟའང་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པར་བརྟེན། བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་གནས་སུ་གྱར་ཏེ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་རིགས་འབྱུང་བཞིན་ཡོད། ཅེས་གསུངས།
དེ་ཡང་གོང་ཚེས་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མདོ་བླ་བྲང་ནས་ཡིན་པ་བོད་མི་རྡོར་རྗེ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ་མ་ཟད། ཨ་མདོ་རྔ་པ་ནས་ཡིན་པ་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྨས་སྐྱོན་ཚབས་ཆེ་ཕོག་ཡོད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བ་ཐོག་མ་དེ་ཆགས་ཡོད། གནས་ཚུལ་ཐོན་གསལ་ལྟར་ན། བོད་མི་གཉིས་པོས་ལྷ་སའི་ཇོ་ཁང་མདུན་དུ་རང་ལུས་མེར་སྲེག་བཏང་རྗེས་རྒྱ་མིའི་བདེ་འཇགས་སྲུང་སྐྱོབ་ཀྱི་རླང་འཁོར་འགའ་ཤས་འཕྲལ་མར་འབྱོར་ཏེ་རང་ལུས་མེར་སྲེག་བཏང་བའི་ཤུལ་རྗེས་རྣམས་སྐར་མ་འགའ་ཤས་ནང་ཤུལ་ཙམ་ཡང་མེད་པ་བཟོས་ཡོད། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་མིའི་ཉེན་རྟོག་མི་སྣ་དང་དམིགས་གསལ་ཉེན་རྟོག་མི་སྣ། དྲག་ཆས་ཉེན་རྟོག་མི་སྣ། དེ་བཞིན་བར་སྐོར་མངགས་གཏོང་ཁང་གི་བདེ་འཇགས་མི་སྣ་སོགས་འགྲེམས་འཇོགས་ཀྱིས་དམ་བསྒྲགས་འོག་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། ད་རེས་ལྷ་སར་མེར་བསྲེགས་ཀྱི་གནས་ཚུལ་ཐོན་རྗེས་ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྲངས་ ༣༧ བྱུང་ཡོད་པ་ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་ནས། བོད་ནང་རང་དབང་དགོས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས།ཞེས་པའི་དགོས་འདུན་བཏོན་ཡོད་པ་བཅས།།
གསལ་བསྒྲགས་ངོ་མ་དབྱིན་ཡིག་ནས་ཕབ་བསྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།
གཤམ་གསལ་ཁ་བྱང་འདི་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་གསང་བའི་ཐོག་བཏང་འབྱོར་བྱུང་བའི་བརྙན་འཕྲིན་གཟིགས་ཐུབ་པ་ཡིན།
http://www.youtube.com/watch?v=uIfhd7Bouz0