༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བར་སིམ་ལ་བོད་མི་ཡོངས་ནས་དགའ་སྤྲོའི་ངང་ཐུགས་རྗེ་ཆེ་ཞུའི་རྟེན་འབྲེལ་གྱི་དགའ་སྟོན་ མཛད་སྒོ་འདི་ཟླའི་ཚེས་ ༡༧ ཉིན་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཀྱི་ཚོགས་ཁང་དུ་སིམ་ལ་མི་མང་ཡོངས་རྫོགས་ཚང་འཛོམས་ཐོག་རང་ལུས་མེར་སྲེགས་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་གུས་བཏུད་དང་བཅས་མཛད་སྒོར་ཚོགས་བཅར་པའི་སེར་སྐྱ་མི་མང་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་མཚོན་ཆེད་དུ་གསོལ་ཇ་འབྲས་སིལ་འདེགས་འབུལ་གནང་བའི་ཐོག་སིམ་ལ་སྤྱི་ཁྱབ་དང་། ས་གནས་འཐུས་ཚོགས་ཚོགས་གཙོ་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་བཞིན་དགའ་སྟོན་གྱི་ཚུལ་དུ་སིམ་ལ་ཁ་འཐོར་ས་གནས་རེ་རེ་དང་སློབ་གྲྭ་བཅས་ནས་གཞས་སྣ་འཁྲབ་སྟོན་གྲ་སྒྲིག་དང་། མི་མང་ཡོངས་ནས་ལྷག་དཀར་དང་སྟབས་བསྟུན་མཉམ་འཛོམས་ཀྱི་སྒོར་གཞས་ལ་དགའ་ཚོར་གྱི་མཛུམ་མདངས་དང་བཅས་རྣམ་པར་རོལ་བའི་ཐོག་ཨ་རིར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཀྱི་མཛད་སྒོ་ཟབ་ཅིང་རྒྱས་པའི་ངང་མཇུག་སྒྲིལ།།