༢༠༡༨ ཟླ་ ༡༠ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་
ཡོ
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ ནས་ ༢༣ བར་ཉིན་གྲངས་བཅོ་ལྔའི་རིང་ཆོས་རིག་བཀའ་བློན་མཆོག་ནས་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། དི་རངས། རྟ་དབང་། མེའོ། ཏེ་ཛུ། ཤི་ལོངས་བཅས་ས་གནས་ཁག་བདུན་ནང་ཡོད་པའི་རིས་མེད་ཆོས་སྡེ་ཁག་ཏུ་འཚམས་གཟིགས་གནང་ཡོད། སྐབས་དེར་དགོན་པའི་ཆོས་ར་དང་། རྟེན་ཁང་། འཛིན་ཁང་། གྲྭ་ཤག ཡིག་ཚང་། དཔེ་མཛོད་སོགས་ལ་གཟིགས་སྐོར་གནང་སྟེ་དགོན་ཁག་སོ་སོའི་མཁན་ལས་སྣེ་རྣམས་དང་མཇལ་འཕྲད་གནང་སྐབས་ཁོང་རྣམས་ཀྱིས་མི་ཚེ་ཧྲིལ་པོའི་རིང་ནང་ཆོས་སློབ་གཉེར་ཙམ་མ་ཟད། དགོན་པར་ལྷག་བསམ་རྣམ་དག་ཐོག་ནས་ཞབས་ཞུ་སྒྲུབ་བཞིན་པར་བསྔགས་བརྗོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རིས་མེད་ཆོས་སྡེ་ཁག་ནང་མཐུན་འགྱུར་རོགས་རམ་གང་ཐུབ་བྱེད་རྒྱུའི་ཐོག་འབད་བརྩོན་ཞུ་བཞིན་ཡོད་སྐོར་གསུང་ཡོད།
ཕྱོགས་མཚུངས་ཕན་ཚུན་འབྲེལ་ལམ་སྔར་ལས་དམ་ཟབ་དང། ལྷག་པར་དགོན་སྡེ་ཁག་ནང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དགེ་འདུན་པ་རྣམས་ཀྱི་བསླབ་པ་སློབ་གཉེར་མུ་མཐུད་གོང་འཕེལ་གཏོང་ཕྱོགས་སྐོར་སོགས་གསུང་ཡོད། ཕྱོགས་མཚུངས་བཀའ་བློན་མཆོག་ནས་དགེ་འདུན་པ་རྣམས་ལ་མང་ཇ་དང་བསྙེན་བཀུར་སྒོར་༡༠༠ རེ་ཕུལ་ཡོད།
ཆོས་སྡེ་ཁག་ཏུ་འཚམས་གཟིགས་གྲུབ་རྗེས་བཀའ་བློན་མཆོག་ནས་དེ་ཁུལ་གྱི་གཞིས་ཆགས་ཁག་གི་སློབ་གྲྭ་དང་། སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་སོགས་སུ་ཡང་གཟིགས་སྐོར་གནང་སྟེ་མི་མང་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས། ལྔ་དང་ལྔ་བཅུའི་འཆར་སྣང་ངོ་སྤྲོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྙིང་བཅངས་ཀྱིས་བོད་སྤྱི་པའི་རྩ་དོན་ཐོག་ཞབས་ཞུ་བསྒྲུབ་རྒྱུ་དེ་གཙོ་བོར་འཛིན་ནས་ལས་ཀ་བྱེད་པ་ཡིན་ན་དུས་རྟག་ཏུ་དགོན་པར་འཕྲིན་བཅོལ་དང་ཞབས་རིམ་གསོག་སྒྲུབ་སོགས་བྱེད་མི་དགོས་པར། རང་བཞིན་གྱིས་རང་ཉིད་མི་སྒེར་ལ་མཚོན་ནའང་ལས་དོན་གང་ཅིར་བྱ་བ་ལམ་འགྲོ་དང་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུ་ངེས་སྐོར། དེ་བཞིན་ཕ་མེས་ནས་ཡོད་པའི་བོད་མིའི་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པ་གལ་ཆེའི་སྐོར།
ལྷག་པར་དུ་ཕྱི་ལོ་ ༢༠༡༩ དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་ཀེག་འཁེལ་གྱི་ཡོད་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཕྱི་ནང་གསང་གསུམ་གྱི་བྱེད་སྒོ་དང་། བསོད་ནམས་གསོག་སྒྲུབ། གང་ཟག་མི་རེ་ངོ་རེས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་དགོས་པ་སོགས་བླང་དོར་ལམ་སྟོན་གནང་བ་མ་ཟད། མང་ཚོགས་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་རིང་མིན་བཞུགས་སྒར་དྷ་ས་ཁུལ་དུ་ཡོད་པའི་ཆོས་སྡེ་ཁག་ཏུ་འཚམས་འདྲི་གཟིགས་སྐོར་གནང་འཆར་ཡོད་པ་བཅས།།