༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཚོགས་ཁང་ཀེ་པི་ཊོལ་ཧིལ་ (Capitol Hill) གྱི་རེ་བྷན་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་ (Michael McCaul) མཆོག་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རེན་མ་སི་ (Brian Mast) མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་མཆོག་ནི་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་བཅས་ལ་དགའ་བསུ་ཞུས་གནང་ཡོད། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་སྐུ་པར་ཞིག་རང་ཉིད་ཀྱི་ལས་ཁུངས་སུ་བཞག་གནང་ཡོད།
མཇལ་འཕྲད་སྐབས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཕུལ་བའི་ཕྱག་བྲིས་ངོ་བཤུས་ཤིག་ཕུལ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་སྒྲོམ་གཞི་སྐོར་ངོ་སྤྲོད་གནང་སྟེ་ཨ་རི་ནས་རོགས་དངུལ་ཇི་ཙམ་ཐོབ་ཡོད་མེད་སྐོར་འགྲེལ་བརྗོད་གནང་། ཁོང་གིས་ད་ལྟའི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བོད་དོན་ལ་གཏན་འཇགས་དང་། སྒྲོམ་གཞི་ལྡན་པའི་རྒྱབ་སྐྱོར་གྱི་གལ་གནད་ཐད་ནན་བཤད་གནང་ཡོད།
སྐབས་དེར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་རྒྱུའི་གནད་དོན་སྐོར་གྲོས་མོལ་གནང་ཞིང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོ་གནས་འདི་ནི་ཐབས་བྱུས་ཀྱི་ཐོག་ནས་གནད་འགག་ཅིག་དང་། གོ་གནས་འདི་ཐད་ཀར་ཕྱི་སྲིད་དྲུང་ཆེའི་ཁྱབ་ཁོངས་སུ་འཇོག་དགོས་པའི་ནན་བཤད་གནང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རང་དབང་རླུང་འཕྲིན་ཁང་། རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་བཅས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ལ་སྙན་སེང་ཞུས་ཏེ་སྒྲིག་འཛུགས་དེ་དག་ནི་འཛམ་གླིང་སྟེང་བོད་ཀྱི་གནད་དོན་དྲིལ་བསྒྲགས་ཆེད་ལས་འགན་གལ་ཆེན་སྒྲུབ་བཞིན་ཡོད་པ་གསུངས།
དེ་རྗེས་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རེན་མ་སི་མཆོག་དང་མཇལ་འཕྲད་གནང་སྐབས་བོད་དང་འབྲེལ་བའི་སྲིད་བྱུས་ཐོག་གྲོས་མོལ་གནང་བ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གནང་ཡོད། སྐུ་ཞབས་བྷི་རེན་མ་སི་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཇལ་འཕྲད་ཐེངས་གཉིས་པ་ཆགས་ཀྱི་ཡོད་ཅིང་། ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ནང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་བསྐོ་བཞག་གནང་བའི་མཛད་སྒོའི་སྐབས་བྱུང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གི་བོད་ནང་གི་གནས་སྟངས་ཐོག་ངོ་སྤྲོད་གནང་བ་དང་འབྲེལ་བོད་མཐོ་སྒང་གི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་། ས་ཁུལ་དེ་དག་ཏུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་གསལ་སྟོན་གནང་། དེ་བཞིན་ཉེ་ཆར་སྔོན་རྩིས་གཅོག་པའི་རྐྱེན་གྱིས་བཙན་བྱོལ་བོད་མིའི་སྲ་བརྟན་གྱི་ལས་གཞི་ཁག་ལ་ཤུགས་རྐྱེན་ཇི་བྱུང་སྐོར་འགྲེལ་བརྗོད་གནང་། མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་བྷི་རེན་མ་སི་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་གྱི་མཛད་སྒོར་མགྲོན་འབོད་གནང་བ་དང་ཆབས་ཅིག་ཕྱག་རྟགས་ཀྱི་ཚུལ་དུ་༸གོང་ས་མཆོག་གི་མཚན་རྟགས་འཁོད་པའི་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་ཕུལ་ཡོད་པ་བཅས།།