༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༤ ཉིན་ཨིན་ལན་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ (United Voices: A Joint Discussion About Freedom in North Korea, China, Tibet, Xinjiang, Hong Kong and Burma/Myanmar) ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཐོག་བོད་དོན་སྐོར་ནན་བཤད་གནང་ཡོད།
དེ་ཡང་བགྲོ་གླེང་འདི་ནི་ཨིན་ཡུལ་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ཌེ་ཝིཌ་སི་མིཊ་ (David Smith) ལགས་དང་། གྲོས་ཚོགས་འཐུས་མི་ཇོན་གྷི་ལེན་( John Glen) ལགས་གཉིས་དབུ་བཞུགས་ཐོག་ཨིན་ཡུལ་གྲོས་ཚོགས་སུ་འཚོགས་ཡོད་པ་དང་། བྱང་ཀོ་རི་ཡ་དང་ཕོར་ཊོ་ཕ་ཡི་ཐབ་ཐང་ (Fortify Rights) ཐོག་གི་སྲིད་དོན་ཚོགས་པ་ཡོངས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཚོགས་པ་ (All-Party Parliamentary Group (APPG) ) ཚོགས་མི་རྣམས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།
སྐབས་དེར་བསྟན་འཛིན་ཀུན་དགའ་ལགས་ཀྱིས་རྒྱ་ནག་གིས་དྲག་གནོན་འོག་བོད་ནང་ཆོས་དད་དང་། རིག་གཞུང་གི་རང་དབང་ལ་ཚབས་ཆེའི་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་སྐོར་གསལ་སྟོན་དང་སྦྲགས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་སྣང་ཆུང་གཏོང་བའི་ལས་གཞི་སྟེ། དགོན་སྡེ་ཁག་ཏུ་དོགས་སྲུང་བྱ་ར་དང་། གྲྭ་བཙུན་རྣམས་ལ་བཙན་དབང་གིས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་རྩ་མེད་གཏོང་བའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་སོགས་སྤེལ་བཞིན་པའི་སྐོར་ནན་བཤད་གནང་། དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་རྩར་བཟུང་བའི་སྒྲིག་འཛུགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་སྐོར་ཡང་འགྲེལ་བརྗོད་གནང་ཡོད།
བསྟན་འཛིན་ཀུན་དགའ་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལོ་ངོ་ ༣༠ རིང་གར་སོང་ཆ་མེད་དུ་གྱུར་པ་དང་། ཉེ་ཆར་ཝི་ཡཊ་ནཱམ་དུ་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གནས་སྟངས་ཁ་གསལ་མེད་པའི་ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོག་གསུངས། ཁོང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནས་ཚུལ་འདི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲན་གནོན་གྱི་དཔེ་མཚོན་ཞིག་ཡིན་པ་དང་། དེས་ཕྱི་རྒྱལ་དུ་འདོད་མོས་མི་མཐུན་པ་རྣམས་ཁ་བཀག་བྱེད་པའི་ཉེན་ཁ་ཆེ་བའི་རིམ་པ་གསར་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། རང་དབང་ལྡན་པའི་ཞིབ་འཇུག་ཅིག་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།
ཁོང་གིས་ཨིན་ཡུལ་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ཌེ་ཝིཌ་སི་མིཊ་ལགས་དང་། གྲོས་ཚོགས་འཐུས་མི་ཇོན་གྷི་ལེན་ལགས་རྣམ་གཉིས་བརྒྱུད་ཨིན་ཡུལ་གཞུང་ལ་གོམ་སྟབས་གལ་ཆེན་གཉིས་སྤོ་དགོས་པའི་འབོད་སྐུལ་གནང་ཡོད། དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐག་གཅོད་གནང་ཕྱོགས་ཐད་ཆབ་སྲིད་ཀྱི་ཐེ་ཇུས་མེད་པར་༸གོང་ས་མཆོག་ཁོ་ནར་མཐའ་མའི་ཐུགས་དབང་ཡོད་པ་གཏན་འབེབས་དགོས་པ་དང་། གཉིས་པ། པཎ་ཆེན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་ཧཱུྃང་ཀར་རྡོ་རྗེ་མཆོག་གཉིས་ཀྱི་གནད་དོན་ཐད་ཕྱོགས་གཉིས་དབར་གྱི་གྲོས་མོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་གནང་སྟེ་ཁ་གསལ་དང་འགན་འཁྲི་སྐོར་གནོན་ཤུགས་སྤྲོད་དགོས་པ་བཅས་ཡིན།
དེ་བཞིན་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དུས་དྲན་གལ་ཆེན་ཞིག་ཡིན་པ་དང་། བོད་མི་ཚོས་དེར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད།
མཐར་ཁོང་གིས་༸གོང་ས་མཆོག་གི་བོད་དང་བོད་མིའི་མགྲིན་ཚབ་ཞེས་པའི་ཕྱག་དེབ་གསར་པ་སྐུ་ཞབས་ཌེ་ཝིཌ་སི་མིཊ་ལགས་ལ་ཕུལ་བ་དང་ཆབས་ཅིག སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་གནད་དོན་ཐད་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
བགྲོ་གླེང་སྐབས་གསུང་བཤད་གནང་མཁན་གཞན་ཁོངས་སུ་ཨིན་ཡུལ་གྱི་འབར་མའི་ལས་འགུལ་གྱི་སྐུ་ཚབ་ཛོ་ཡ་ཕན་ (Zoya Phan) ལགས་དང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་སྐུ་ཚབ་ར་ཧི་མ་མ་མུཊ་ (Rahima Mahmut) ལགས། ཧོང་ཀོང་རང་དབང་གི་སྐུ་ཚབ་ཕིན་ལཽ་ (Finn Lau) ལགས། བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐབ་ཐང་རྩོད་ལེན་པ་ཇུ་ཨིལ་ལི་ཡོང་་(Ju Il-lyong) ལགས་བཅས་ཕེབས་ཡོད་པ་བཅས།།